འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཞི་རིམ་གྱི་དཀའ་ངལ་ཆེ་ཤོས་སར་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྐྱོད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་03ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་རིང་བའི་གོང་། གསར་འགོད་པ་བོད་ལྗོངས་མེ་ཏོག་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་ཉིན་ཕྱེད་ཙམ་བསྐྱོད་རྗེས་དགའ་ལྡན་ཤང་དུ་འབྱོར། ད་ཐེངས་ནི་མེ་ཏོག་རྫོང་དུ་སྐྱོད་ཐེངས་གསུམ་པ་ཡིན་པ་དང་དེ་གོང་གཞུང་ལམ་རྦད་དེ་ཤར་གཏོང་ཐུབ་མེད་པས་དགའ་ལྡན་ཤང་དུ་སྐྱོད་ཐུབ་མེད། ལམ་བར་དུ་གཞུང་ལམ་ཤར་གཏོང་སྐོར་གླེང་སྐབས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས། དེ་སྔོན་དགའ་ལྡན་ནས་རྫོང་གྲོང་བར་རྐང་ཐང་མར་ཉིན་བཞི་འགོར་གྱི་ཡོད། 2020ལོར་དགའ་ལྡན་དུ་གཞུང་ལམ་ཤར་གཏོང་ཐུབ་པས་ལམ་བར་གྱི་དུས་ཡུན་ཐུང་དུ་ངེས་ཅན་ཕྱིན་ཡོད་ཅེས་བཤད། ད་ཐེངས་མེ་ཏོག་རྫོང་དུ་བསྐྱོད་པ་ལས་གསར་འགོད་པར། བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་པར་ངེས་པར་དུ་ས་གནས་ས་ཐོག་ཏུ་སྐྱོད་དགོས་པ་མ་ཟད། གཞི་རིམ་གྱི་དཀའ་ངལ་ཆེ་ཤོས་ཀྱི་སར་སྐྱོད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་།
     བརྟག་དཔྱད་ཞིབ་འཇུག་བྱེད་པ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་ཡིན་ལ། ལས་དོན་ཁག་ཡག་པོ་སྒྲུབ་པའི་གཞི་རྩ་ཡང་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ལུས་ཚུགས་པ་ནས་བྱ་བ་དངོས་སྒྲུབ་པ་དང་། ཐབས་ཇུས་དངོས་འདོན་པ། ཕན་འབྲས་དངོས་གཉེར་བ་བཅས་བྱེད་དགོས”ཞེས་བཏོན་ཡོད། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་སྐབས་སུ། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པ་དེ་ཏང་ཡོངས་སུ་སྤེལ་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་པའི་གཏན་འབེབས་གནང་ཡོད། བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་ཧ་ཅང་མང་པོ་ཡོད། གཞི་རིམ་དང་། མང་ཚོགས། དཔེ་མཚོན་གལ་ཆེན། དཀའ་ངལ་ཡོད་པའི་ས་ཆ་བཅས་ནི་བརྟག་དཔྱད་ཞིབ་འཇུག་བྱ་ཡུལ་གཙོ་བོར་འཛིན་དགོས་ཤིང་། དགའ་ལྡན་ཤང་ནི་ཏག་ཏག་དེ་ལྟ་བུའི་བརྟག་ཞིབ་བྱ་ཡུལ་གཙོ་གནད་ཅིག་རེད།
     དགའ་ལྡན་ཤང་དུ་སླེབས་རྗེས་ད་གཟོད་གཞི་རིམ་གྱི་གནས་ཚུལ་དེ་བས་ཤེས་རྟོགས་ཆ་ཚང་བ་ཡོང་ངེས། དགའ་ལྡན་ནི་ཐག་རིང་ལུང་ཁུག་ཏུ་གནས་པ་དང་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ཤང་མཐའ་མ་དེ་རེད། འདས་ཟིན་པའི་ལོ་འགའི་ནང་ས་གནས་དེ་གས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་གློག་དང་། དྲ་རྒྱ། རླངས་འཁོར་བཅས་ཤར་གཏོང་ཐུབ་པ་མ་ཟད་མང་ཚོགས་ལའང་འཁྱགས་སྒམ་དང་། མཁའ་རླུང་སྙོམས་ཆས། རིག་ནུས་ལག་ཐོགས་ཁ་པར་བཅས་ཀྱང་སྤྱོད་ཐུབ་པ་བྱུང་ཡོད། འོན་ཀྱང་རི་མཐོ་གཡང་གཟར་གྱི་རང་བྱུང་ཆ་རྐྱེན་ལས་དགའ་ལྡན་ཤང་དུ་སྐྱོད་པའི་གཞུང་ལམ་དེ་ཙམ་རྒྱ་ཆེན་པོ་དང་ཁོད་སྙོམས་པོ་མེད། ཨར་སྐྲུན་སྒྲིག་ཆས་ཆེ་གྲས་མང་པོ་དེ་ནས་སྐྱོད་དཀའ་བ་དང་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་ཁག་བས་རིག་ནུས་ལག་ཐོགས་ཁ་པར་ཡང་གནས་སྐབས་རིང་ཁ་པར་ཉན་རྒྱུ་ལས་གཞན་གྱི་སྤྱོད་སྒོ་གང་ཡང་མེད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་རེ་འདོད་ཉིན་བཞིན་ཆེ་རུ་འགྲོ་བ་དེས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་སེམས་ཐག་གཙང་བཅད་ཀྱིས་དགའ་ལྡན་ཤང་གང་མགྱོགས་ཡུལ་གཞན་དུ་སྤོ་བར་སྐུལ་མ་ཐེབས་ཡོད།
     དགའ་ལྡན་ཤང་དུ་སླེབས་རྗེས་དེ་གའི་མང་ཚོགས་ཀྱི་མྱོང་ཚོར་དེ་བས་ཁ་གསལ་ཚོར་ངེས། མེ་ཏོག་རྫོང་གྲོང་ནས་དགའ་ལྡན་བར་གྱི་གཞུང་ལམ་གྱི་གཞོགས་གཅིག་ནི་གཏིང་ཚད་དཔོག་དཀའ་བའི་གྲོག་རོང་ཡིན་པ་དང་གཞོགས་གཅིག་ཤོས་དེར་རྡོ་ཧྲུག་ཟགས་ཉེན་ཆེན་པོ་ཡོད་ཁར། འཁོར་ལོ་འདམ་རྫབ་ཁྲོད་འདྲེད་བརྡར་ཤོར་སླ་བའི་གནས་ཚུལ་དེ་དག་ལས་གསར་འགོད་པར་འགྲོ་སྐྱོད་དཀའ་ལ་འཕེལ་རྒྱས་དེ་བས་འགྲོ་དཀའ་བའི་མྱོང་ཚོར་ཟབ་མོ་བྱུང་། ལོ་25ལ་སླེབས་པའི་ལྷོ་པ་རིགས་ཀྱི་བུ་མོ་སྐལ་བཟང་མཚོ་མོ་ནི་དགའ་ལྡན་ཤང་རྒྱ་འབུམ་སྒང་གྲོང་ཚོ་ནས་ཡིན་པ་དང་། ཆུང་དུས་ཤང་སློབ་ཆུང་དུ་སྐྱོད་པར་ཆུ་ཚོད་གཅིག་གཉིས་ཙམ་གྱི་རི་ལམ་འགྲིམས་དགོས་པ་དང་རྫོང་གྲོང་གི་དམའ་རིམ་སློབ་འབྲིང་དུ་སྐྱོད་པར་རྐང་ཐང་མར་ཉིན་4འགྲོ་དགོས་ཀྱི་ཡོད། ད་ཆ་དགའ་ལྡན་ཤང་སློབ་ཆུང་གསར་པའི་ནང་ཕྲུ་གུ་ཚོ་སྤྲོ་སྣང་ཆེན་པོས་ནུས་མང་སློབ་ཁང་དུ་སློབ་ཚན་ཉན་རྒྱུ་ཡོད། ལུང་ཁུག་རི་གྲོང་གི་འཕེལ་རྒྱས་ལས་ང་ཚོར་བརྩེ་སེམས་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་སྟེ། ངེས་པར་དུ་མང་ཚོགས་དབར་གྱི་བརྩེ་བ་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་འབོད་སྒྲ་ཟོལ་མེད་ངང་ཉན་པ། མང་ཚོགས་ཀྱི་བསམ་འདུན་ཇི་མ་ཇི་བཞིན་གོང་ཞུ་བྱེད་པ། མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་གཏིང་ནས་སེམས་ཁུར་བྱེད་པ། མང་ཚོགས་ལ་བྱ་བ་དངོས་ཧུར་ཐག་སྒྲུབ་པའི་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།
     གསར་འགོད་པས་བཅར་འདྲི་བྱེད་པའི་ལམ་བར་དུ། བོད་ཀྱི་འགྲིམ་འགྲུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་མིག་ལྡན་ཀུན་གྱིས་མཐོང་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པས་འགྲོ་ལམ་ཁག་གཅིག་ད་དུང་སྔར་བས་རྒྱས་སྐྲུན་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་། དེས་ན་འཕེལ་རྒྱས་ཡག་པོ་ཡོང་བར་འགྲོ་ལམ་སྔར་བས་ཡངས་ཤིང་ཁོད་སྙོམས་པར་སྐྲུན་དགོས་ལ་ལྷག་པར་དུ་གནས་ཚུལ་དངོས་རྟོག་ཞིབ་དང་། བྱེད་ཐབས་དངོས་འདོན་པ། བྱས་རྗེས་དངོས་འཇོག་པ་བཅས་བྱས་ཏེ་འགོག་རྐྱེན་མཐའ་དག་བསལ་ནས་དམངས་འཚོར་ཕན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་ཟམ་མི་ཆད་པར་ཡག་པོ་འདིང་བ་དང་རྒྱ་ཆེར་བཏང་ཚེ་གཞི་ནས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཏན་ཏིག་གཏོང་ཐུབ།
     (སྐལ་མཆོག་གིས་བསྒྱུར། ཉི་དོན་གྱིས་ཞུས)