༄༅།།ཨུ་རུ་སུའི་མཉམ་སྒྲོག་རོལ་ཚོགས་ཀྱི་བགྲེས་སོང་བཀོད་འདོམས་པས་མཉམ་སྒྲོག་རོལ་ཚོགས་ཁྲིད་དེ་
རྒྱ་ནག་ལྕགས་རིའི་རོལ་དབྱངས་མཚན་ཚོགས་སུ་ཕེབས་ནས་ཀྲུང་གོ་དང་ཨུ་རུ་སུའི་སྒྱུ་རྩལ་པས་
མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རོལ་དབྱངས་དཀྲོལ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་30ཉིན། 14:11】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2023ལོའི་པེ་ཅིང་གི་ལྕགས་རི་རིང་པོའི་རོལ་མོའི་ཚོགས་ར་དངོས་ཡིན་པ། པར་རིས་གཙོ་གཉེར་པས་མཁོ་འདོན་བྱས།
མི་དམངས་དྲ་བར་པེ་ཅིང་ནས་ཟླ་6ཚེས29ཉིན་གནས་འཕྲིན་འབྱོར་གསལ་དུ། ཟླ6ཚེས22ཉིན་དང་ཚེས་23ཉིན་གྱི་དགོང་མོར་དགུང་ལོ90རུ་ཕེབས་ཀྱང་སྔར་བཞིན་འཛམ་གླིང་གི་གནའ་བོའི་རོལ་དབྱངས་འདུ་ཚོགས་ཀྱི་གར་སྟེགས་ཐོག་ཏུ་ཞུགས་པའི་ཨུ་རུ་སུའི་བཀོད་འདོམས་པ་ཧྥུ་ལཱ་ཅི་སྨི་ཡེ་·ཧྥེ་ཏུའོ་ཞའེ་ཡེ་ཧྥུ་ཡིས་མཉམ་སྒྲོག་རོལ་མོ་ཚོགས་པ་ཁྲིད་དེ་རྒྱ་ནག་ལྕགས་རིའི་རོལ་དབྱངས་མཚན་ཚོགས་སུ་ཕེབས་ནས་ཀྲུང་ཨུའི་སྒྱུ་རྩལ་པ་མཉམ་ལས་བྱེད་པའི་གནའ་བོའི་རོལ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཕུལ་བ་རེད།
ཧྥེ་ཏུའོ་ཞའེ་ཡེ་ཧྥུ་ནི་དེང་རབས་ཀྱི་ཆེས་ཕུལ་དུ་བྱུང་བའི་བཀོད་འདོམས་པ་ཞིག་ཡིན་པ་དང་། 1974ལོ་ནས་བཟུང་ཁོང་གིས་ཁྲའེ་ཁོ་ཧྥུ་སི་ཅི་ཡི་མཉམ་སྒྲོག་རོལ་མོ་ཚོགས་པའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པའི་འགན་བཞེས་ཡོད།
ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྤེལ་རེས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། གླུ་དབྱངས་མཚན་ཚོགས་འདི་གཉིས་ཀྱིས་སྐུ་མགྲོན་གདན་ཞུ་དང་ལེ་ཚན་སྒྲིག་རིམ་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་བསལ་ཞིག་ལྡན། འཁྲབ་སྟོན་ལ་ཞུགས་པའི་ཀྲུང་ཨུའི་སྒྱུ་རྩལ་པ་2002ལོར་སྐྱེས་པའི་ཨུ་རུ་སུའི་གསར་སྐྱེས་ཀང་ཆིན་རོལ་ཆ་མཁས་དབང་དབྱི་ཝན་ནོ་ཧྥུ་ཡོད་ལ། དགུང་ལོ་90རུ་ཕེབས་པའི་འཛམ་གླིང་རིམ་པའི་བཀོད་འདོམས་པ་ཧྥེ་ཏོ་ཞའེ་ཡེ་ཧྥུ་ཡང་ཡོད། ཁོང་གཉིས་དབར་ལ་ལོ་ཁྱད་70ཡོད་པས་ལོ་རབས་མི་གཅིག་པར་སྐྱེས་པའི་སྒྱུ་རྩལ་རྩེར་སོན་ཕུལ་བྱུང་མཚོན་ཡོད། ལེ་ཚན་སྒྲིག་རིམ་དུ་ཨུ་རུ་སུའི་ཁྱད་ཆོས་ལྡན་པའི་རོལ་དབྱངས་ཡོད་ལ། ཀྲུང་གོའི་མཚོན་བྱེད་རང་བཞིན་གྱི་རོལ་དབྱངས་བརྩམས་ཆོས་ཀྱང་འདུས་ཡོད། ཁྲའེ་ཁོ་ཧྥུ་སི་ཅི་ཡི་བརྩམས་ཆོས་རབ་དང་རིམ་པའི་ཐོག་ནས་ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱུང་བ་དེ་བས་ཀྱང་མཚོན་ཡོད།
