འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་
ཚོགས་སུ་རྒྱུན་གཏན་གྱི་ལས་འགན་སྒྲུབ་ཅིང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་29ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་25ཉིན་གྱི་ཐོ་རེངས་སུ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སའི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་མཇལ་བར་ཕེབས་པ་དང་འབྲེལ་གཙུག་ལག་ཁང་གི་དགེ་འདུན་པ་རྣམས་ལ་ཕྱག་དབང་ཡང་གནང་བ་རེད།
    ཟླ་6ཚེས་18ཉིན། པཎ་ཆེན་རིན་པོ་ཆེ་ལྷ་སར་ཕེབས་འབྱོར་ཟིན་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀརྨ་ཚེ་བརྟན་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་བཞུགས་གླིང་རྡོ་རྗེ་ཕོ་བྲང་དང་ལྷ་ས་གོང་དཀར་གནམ་ཐང་དུ་ཁག་སོ་སོར་ཕེབས་བསུར་བཅར་བ་དང་། པཎ་ཆེན་རིན་པོ་ཆེར་མཇལ་དར་ཕུལ་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགའ་བསུ་ཞུ་ལུགས་མཚོན་པར་གནང་བ་རེད།
    ཟླ་6ཚེས་20ཉིན་པཎ་ཆེན་རིན་པོ་ཆེས་ལྷ་སར་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོའི་གཞུང་དོན་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི《དུས་རབས་གསར་པའི་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 རང་སྐྱོང་ལྗོངས་ཏང་ཨུད་ཀྱི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི《རྒྱལ་ཡོངས་ཀྱི་ནང་བསྟན་ལས་རིགས་སུ་གྲོན་ཆུང་ལ་མཐོང་ཆེན་དང་རྒྱས་སྤྲོས་སྤོང་བའི་སློབ་གསོ་རྒྱུན་མཐུད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།
    ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་2023ལོའི་ལོ་སྟོད་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་། 《2024ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པའི་དབྱར་དུས་ཀྱི་སྔོན་རྒྱུགས་བྱེད་སྒོའི་ཇུས་གཞི》དང་གྲོན་དངུལ་སྔོན་རྩིས་དང་། 《ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཇུས་གཞི》དང་གྲོན་དངུལ་སྔོན་རྩིས། བོད་བརྒྱུད་ནང་བསྟན་གྱི་དཔེ་ཁྲིད་དགོངས་འགྲེལ་སྤེལ་རེས་ཚོགས་འདུ་སྐབས་བརྒྱད་པའི་དཔེ་ཁྲིད་ཀྱི་ཁ་བྱང་དང་དཔེ་ཆ་འཁྲིད་མཁན་གྱི་གྲོས་འགོའི་མཚན་ཐོ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
    ཆུ་ཚོད་5དང་སྐར་མ་30ཙམ་ལ་པཎ་ཆེན་རིན་པོ་ཆེ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་འབྱོར་ཟིན་པ་རེད། དེའི་དུས་སུ་དུང་རྒྱ་གླིང་གི་སྒྲ་གྲགས་ཤིང་། དགེ་འདུན་པའི་ཞལ་འདོན་གྱི་སྒྲ་གསང་པོ་དང་བསྟུན་ནས་ལག་ཏུ་སྤོས་ཕོར་སྣོམ་པའི་དགེ་འདུན་པ་དང་དུང་རྒྱ་གླིང་གཏོང་མཁན་དགེ་འདུན་པའི་ཕེབས་བསུའི་འོག་པཎ་ཆེན་རིན་པོ་ཆེ་གཙུག་ལག་ཁང་གི་རྟེན་གཙོའི་དྲུང་དུ་ཕེབས་ནས་ལྷ་ཁང་ཁག་ལ་གནས་མཇལ་ཞུས་པ་རེད། པཎ་ཆེན་རིན་པོ་ཆེས་ཞལ་འདོན་གནང་བ་དང་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་བཏབ་པ་དང་འབྲེལ། རྟེན་གཙོར་མཇལ་དར་ཕུལ་བ་རེད།
    གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་པཎ་ཆེན་རིན་པོ་ཆེས་སྒམ་བརླིང་ངང་ཕྱག་འཚལ་གནང་བ་རེད། དེ་རྗེས་པཎ་ཆེན་རིན་པོ་ཆེས་ཕྱག་ཏུ་མཇལ་དར་བསྣམས་ནས་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་ག་ལེར་ཕེབས་ཏེ་ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་སྨོན་ལམ་བཏབ་པ་དང་འབྲེལ་མཇལ་དར་ཡང་ཕུལ་བ་རེད། གནས་གཟིགས་གནང་རྗེས། པཎ་ཆེན་རིན་པོ་ཆེ་ཇོ་བོ་ཤཱཀྱ་མུ་ནེའི་མདུན་གྱི་བཞུགས་ཁྲིར་བཞུགས་ཏེ་ཇོ་བོ་ཤཱཀྱ་མུ་ནེར་ཞལ་ཕྱོགས་ནས་ཆར་ཆུ་དུས་སུ་འབབ་པ་དང་། རྒྱལ་ཁབ་དར་ཞིང་རྒྱས་པ། འཛམ་གླིང་ཞི་བདེ་ལྷིང་འཇགས། འགྲོ་དྲུག་བདེ་ཞིང་སྐྱིད་པ་བཅས་ཡོང་བའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།