འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་
དང་པོའི་བྱ་དགའ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་28ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 《བོད་ཀྱི་དབུལ་པོ་དང་དབུལ་ལོག་གི་གནད་དོན་ཞིབ་འཇུག》སོགས་གྲུབ་འབྲས་29ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཐོབ་པ་རེད།
     རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མགྱོགས་མྱུར་སྐྲུན་ཆེད། 2020ལོའི་ཟླ་10པར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་བཙུགས་པ་རེད། 2021ལོའི་ཟླ་10ཚེས་12ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་སྤྲོད་པའི་བྱ་ཐབས》བཀྲམ་ཞིང་། 《བྱ་ཐབས》ནང་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྲད་པའི་བོད་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཡིན་པ་དང་བྱ་དགའི་དཔྱད་བསྡུར་གྱི་ལས་དོན་དེ་ལོ་གཉིས་རེར་ཐེངས་རེ་སྤེལ་བ་དང་། བྱ་དགའ་དེ་བརྩམས་ཆོས་རིགས་དང་། དཔྱད་རྩོམ་རིགས། སྙན་ཞུའི་རིགས་བཅས་སུ་དབྱེ་བ་དང་། བྱ་དགའ་རིམ་པ་དང་པོ་དང་། བྱ་དགའ་རིམ་པ་གཉིས་པ། བྱ་དགའ་རིམ་པ་གསུམ་པ་བཅས་སུ་དབྱེ་ཡོད། རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་དམིགས་བསལ་བྱ་དགའ་བཙུགས་ཡོད།
    2022ལོའི་ཟླ་4པར། བོད་ལྗོངས་སྤྱི་ཚོགས་ཚན་རིག་བྱ་དགའ་དཔྱད་བསྡུར་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སྐབས་དང་པོའི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགར་དཔྱད་བསྡུར་གྱི་ལས་དོན་སྤེལ་འགོ་ཚུགས་ཡོད། ཐོག་མའི་དཔྱད་བསྡུར་དང་། བསྐྱར་དུ་དཔྱད་བསྡུར། མཐའ་མཇུག་གི་དཔྱད་བསྡུར་དང་ཡོངས་བསྒྲགས་སོགས་ཀྱི་ལས་དོན་བསྒྲུབས་རྗེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་གྲོས་ཞིབ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་སྤྲོད་རྒྱུར་འབུལ་གྱི་ཡོད། 2023ལོའི་ཟླ་3ཚེས་18ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་སྐབས་དང་པོ་ཐོབ་པ་དང་བྱ་དགའ་ཐོབ་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》བཀྲམ་སྟེ། 《བོད་ཀྱི་དབུལ་པོ་དང་དབུལ་ལོག་གི་གནད་དོན་ཞིབ་འཇུག》སོགས་གྲུབ་འབྲས་4ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཨང་དང་པོ་དང་། 《བོད་ཀྱི་ལོ་བརྒྱའི་དཔལ་འབྱོར་ལོ་རྒྱུས》སོགས་གྲུབ་འབྲས་10ལ་བྱ་དགའ་ཨང་གཉིས་པ། 《སྒྲུང་མཁན་གྲགས་པ་དང་ཁོང་གི་གླིང་སྒྲུང་འཆད་གྱེར་སྐོར་གྱི་ཞིབ་འཇུག》སོགས་གྲུབ་འབྲས་15ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད།