འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཕེལ་རྒྱས་གསར་པ་མཉམ་དུ་ཇུས་འགོད་བྱེད། གོ་སྐབས་གསར་པ་མཉམ་དུ་ལོངས་སུ་སྤྱོད།

—— བོད་རང་སྐྱོང་ལྗོངས་ཕྱི་ནང་གི་ཁེ་ལས་མཁས་ཅན་གྱི་འཐུས་མིས་ལྷ་སའི་ཐོན་ལས་གླིང་ཁུལ་དུ་ལྟ་སྐོར་དང་རྟོག་ཞིབ་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་27ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འཕེལ་རྒྱས་གོ་སྐབས་དམ་འཛིན་གྱིས། འབད་འབུངས་ཡར་བརྩོན་ལེའུ་གསར་རྩོམ།
     ཟླ་6ཚེས་18ཉིན། ལྗོངས་ཕྱི་ནང་གི་ཁེ་ལས་མཁས་ཅན་ལྔ་བཅུ་ལྷག་ཙམ་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་བསྐྱོད་ནས་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་གླིང་ཁུལ་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་ནི་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་བྱེད་སྒོ་གལ་ཆེན་ཞིག་རེད།
     སྔ་དྲོའི་ཆུ་ཚོད་9:30ཙམ་ལ་དགུང་སྔོན་དབྱིངས་ནས་ཉི་འོད་རབ་ཏུ་འཕྲོ་ཞིང་། རླངས་འཁོར་ལ་བསྡད་དེ་དཔལ་འབྱོར་གསར་སྤེལ་ཁུལ་དུ་བསྐྱོད་པ་དང་ལམ་རྒྱུད་ཀྱི་ཁེ་ལས་སྣ་ཚོགས་ཀྱི་བཟོ་ཁང་གྲལ་སྟར་འགྲིག་ལ་སྒྲིག་ཆས་ཆ་ཚང་པོ་ཡོད་པ་རེད། ཁེ་ལས་མཁས་ཅན་ཚོས་སྔ་རྗེས་སུ་བོད་ཀྱི་ཡུས་གཡོད་སྨན་བཅོས་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་དང་། བོད་ལྗོངས་ཨ་རག་རྒྱལ་པོ་ཨ་རག་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི། བོད་ལྗོངས་ཧྲང་ཁྲུའུ་ཐབ་ཚང་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་མང་པོར་ལྟ་སྐོར་བྱས་ནས་ཁེ་ལས་དང་འཁོར་ཁང་དུ་བསྐྱོད་ཀྱིན་ལྟ་སྐོར་དང་གྲོས་བསྡུར་བྱས་ནས་མཉམ་ལས་གཉིས་ཁེ་ཇུས་འགོད་བྱས་པ་མ་ཟད། མཉམ་དུ་འཕེལ་རྒྱས་གྱི་འཆར་འགོད་ཀྱང་བྱས་པ་རེད།
     བོད་ལྗོངས་ཡུས་གཡོད་སྨན་བཅོས་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་2016ལོར་ལྷ་སར་བཙུགས་ནས་ད་བར་ས་གནས་དེ་གའི་མི་ཐེངས་100ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད། ཁེ་ལས་མཁས་ཅན་ཚོས་བོད་ལྗོངས་ཡུས་གཡོད་ཐོན་སྐྱེད་རྟེན་གཞི་དང་འགྲེམས་ཁང་ལ་ལྟ་སྐོར་བྱས་པ་དང་། ཡུས་གཡོད་ཀུང་སིའི་ས་མཐོའི་གསོ་རླུང་བཟོ་བ་དང་འཕྲོད་སྦྱོར་སོགས་ཀྱི་འབྲེལ་ཡོད་ཐོན་རྫས་ཀྱི་ངོ་སྤྲོད་ཉན་པ་མ་ཟད། ས་མཐོར་ཁྱབ་པའི་གསོ་རླུང་བཟོ་བའི་ཐོན་རྫས་ཉམས་ལེན་ཡང་བྱས་པ་རེད། “ས་མཐོར་དེང་རབས་ཅན་གྱི་ཁེ་ལས་དེ་འདྲ་ཡོད་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་ལ་གྲགས་ཅན་སྤུས་རྟགས་དེ་བས་མང་བ་ཞིག་བོད་དུ་མ་འཇོག་ལས་དར་བྱེད་འདོད་ཡོད་པ་ལས་བོད་ནི་མ་འཇོག་བྱ་ཡུལ་བཟང་པོ་ཞིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད”ཅེས་ལྟ་སྐོར་བྱེད་རིང་ཁེ་ལས་མཁས་ཅན་ཚོས་བོད་ཀྱི་ཚོང་གཉེར་ཁོར་ཡུག་ལ་བསྔགས་བརྗོད་བྱས་པ་རེད།
    ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་མེན་རྫོང་མན་ཧྲུའེ་ཁྲུན་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧྲི་ཡུས་ཀྱིས་ཞིང་ལས་ཁྱབ་ཁོངས་ལ་མ་འཇོག་བྱས་ཤིང་། ཁོང་གིས“ངས་ཁེ་ལས་ཁ་ཤས་ཀྱི་ཚད་ལྡན་གྱི་ཐོན་སྐྱེད་འཁོར་ཁང་དང་། བཟོ་རྩལ། བརྒྱུད་རིམ་བཅས་མཐོང་བྱུང་། ས་གནས་ས་ཐོག་ཏུ་ཁེ་ལས་ཁ་ཤས་ལ་བཅར་འདྲི་བྱས་པ་བརྒྱུད་བོད་ཀྱི་སྤུས་ལེགས་ཚོང་གཉེར་ཁོར་ཡུག་མྱོང་ཚོར་ཟབ་མོ་ཐུབ་བྱུང་། དེ་ལས་ང་ཚོས་བོད་དུ་མ་འཇོག་ལས་དར་བྱེད་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བཤད།
    “ང་ཚོས་2021ལོར་ཉིང་ཁྲིར་ཀུང་སི་ཐོ་འགོད་བྱས་པ་དང་། ས་གནས་དེ་རང་གི་བོད་སྨན་གྱི་སྨན་རྒྱུ་གསར་སྤེལ་དང་ཞིབ་འཇུག་ལ་འབད་བརྩོན་ལྷོད་མེད་བྱས་པ་ཡིན། བོད་དུ་གཞིས་ཆགས་མ་ཐག་སྲིད་གཞུང་གི་སྙིང་ཉེ་བའི་ཞབས་འདེགས་མྱོང་ཚོར་ཐུབ་བྱུང་། མ་གཞི་ཕ་ཡུལ་དང་བྲལ་ནས་བོད་དུ་སླེབས་ཀྱང་ང་ཚོས་ཐོག་མཐའ་བར་གསུམ་དུ་དྲོ་སྐྱིད་ཚོར་ཐུབ་ཀྱི་འདུག བོད་དུ་མ་འཇོག་ལས་དར་བྱས་པས་ང་ཚོས་ཁེ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་སོང་། ཀུང་སི་དེའི་ནང་ཞུགས་རྗེས་སྲིད་གཞུང་གི་མཛུབ་ཁྲིད་འོག་ལྗོངས་ཕྱི་ནང་གི་འགྲེམས་ཚོགས་ལ་ཐེངས་མང་ཞུགས་པས། ལས་རིགས་གཅིག་པའི་དབར་སྤེལ་རེས་བྱེད་པའི་གོ་སྐབས་མང་པོ་ཐོབ་ནས་ཕན་པ་ཆེན་པོ་ཐོབ་བྱུང”ཞེས་ཉིང་ཁྲི་སྨི་ཀེ་ཉི་འོད་བདེ་ཐང་ཆེ་མོའི་ཐོན་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཞེ་ཅ་ཧྲེང་གིས་ཅེས་བཤད།
     བོད་ལྗོངས་ཨ་རག་རྒྱལ་པོ་ཨ་རག་ཚད་ཡོད་འགན་འཁྲི་ཀུང་སིར་སླེབས་སྐབས་ཁེ་ལས་མཁས་ཅན་ཚོས་ཨ་རག་སྙོལ་སའི་འཁོར་ཁང་དང་ཨ་རག་མཛོད་ཁང་ལ་ལྟ་སྐོར་བྱས་ནས་ས་གནས་ས་ཐོག་ཏུ་ནས་ཆང་གི་བྲོ་བ་མྱངས་པ་རེད། ཧོ་པེ་ཞིང་ཆེན་རྒུན་འབྲུམ་ཨ་རག་ཐོན་ལས་ཚོང་ཚོགས་ཀྱི་ལག་བསྟར་དྲུང་ཆེ་ཁྲེང་ལི་ཧྥང་གིས་ནས་ཆང་ལ་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། ཐོན་སྐྱེད་བརྒྱུད་རིམ་ཧ་ཅང་སྔོན་ཐོན་ཡིན་པ། ཨ་རག་སྙོལ་བའི་བཟོ་རྩལ་ལའང་ཁྱད་ཆོས་ལྡན་པ་བཅས་ལས་བོད་དུ་ཨ་རག་ཐོན་ལས་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་བཤད། “ཕྱིར་ལོག་རྗེས་ང་ཚོས་ཚོང་ཚོགས་ཁེ་ལས་ལ་ལྟ་སྐོར་གྱི་མྱོང་ཚོར་ཞིབ་ཕྲ་ངོ་སྤྲོད་བྱ་རྒྱུ་དང་ཚོང་ཚོགས་ཀྱི་ཁྲིད་སྟོན་བརྒྱུད་ཧོ་པེ་དང་བོད་ཀྱི་ས་གནས་གཉིས་ཀྱི་ཨ་རག་ཁེ་ལས་དེ་བས་མང་བའི་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། བོད་ཀྱི་ཨ་རག་ཁེ་ལས་ཀྱིས་ཀྱང་ལྗོངས་ཕྱིའི་ཁེ་ལས་དང་སྤེལ་རེས་མང་ཙམ་བྱས་ནས་སྤེལ་རེས་ཁྲོད་དེ་བས་འཕེལ་རྒྱས་གཏིང་ཟབ་ཡོང་བར་བྱས་ཏེ་རྒྱུན་འཛིན་བྱས་ཀྱང་རྙིང་ཞེན་མི་བྱེད་པ་དང་གསར་གཏོད་བྱས་ཀྱང་དམིགས་ཡུལ་མི་ཉམས་པ་བྱས་ནས་བོད་ཀྱི་ནས་ཆང་གི་སྤུས་རྟགས་དེ་བས་ལེགས་པའི་སྒོ་ནས་གཏོད་རྒྱུའི་རེ་བ་ཡོད”ཅེས་ཁྲེང་ལི་ཧྥང་གིས་བཤད།
     “གངས་ལྷ་མེ་ཏོག”ས་མཐོའི་ཐབ་ཆས་ཐོན་སྐྱེད་དང་བྲིན་ཚོང་ཁེ་ལས་ཏེ་ཧྲང་ཁྲུའུ་ཐབ་ཚང་ཚན་རྩལ་ཚད་ཡོད་ཀུང་སིའི་འགྲེམས་ཁང་དུ་ས་མཐོའི་ཁྱད་ཆོས་ལྡན་ཞིང་ས་མཐོའི་དགོས་མཁོ་དངོས་དང་མཐུན་པའི་ས་མཐོའི་ཐབ་ཆས་ལ་ཁེ་ལས་མཁས་ཅན་མང་པོའི་ཡིད་དབང་འཕྲོག ཐོན་རྫས་འདི་དག་མ་འོངས་པར་འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་ལ་ཕྱོགས་ནས་ཕྱིར་ཚོང་བྱ་རྒྱུ་ཡིན་པ་ཤེས་རྗེས་ཁེ་ལས་མཁས་ཅན་མི་ཉུང་བ་ཞིག་གིས་མཉམ་ལས་བྱ་རྒྱུའི་རེ་བ་བཏོན་ཡོད།
    “ཡུལ་བབ་དང་བསྟུན་ནས་ཐོན་རྫས་གསར་སྤེལ་བྱེད་པ་ནི་ཁེ་ལས་འཕེལ་རྒྱས་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ལྟ་སྐོར་དང་རྟོག་ཞིབ་ནང་ང་ཚོས་བོད་ཀྱི་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་པ་དང་ལྷག་པར་དུ་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ཞིང་འབྲོག་ལས་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱང་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་མྱོང་ཚོར་ཐུབ་བྱུང་། ཁེ་ལས་དེར་ཞུགས་རྗེས་ད་དུང་དཔྱ་ཁྲལ་དང་། མ་དངུལ་མཉམ་འདྲེས། ཐོན་ལས་སོགས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མང་པོ་ལོངས་སྤྱོད་ཐུབ་ཀྱི་ཡོད་པས། ང་ཚོས་བློ་བདེའི་ངང་མ་འཇོག་དང་། བློ་བདེའི་ངང་གཉེར་སྐྱོང་། བློ་བདེའི་ངང་འཕེལ་རྒྱས་བཅས་གཏོང་རྒྱུ་ཡིན”ཞེས་སི་ཁྲོན་ཧུང་ལའེ་ལི་རྒྱུ་ཆ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡོན་ཕིང་གིས་བཤད་པ་དང་ཁོང་ཚོས་ཆབ་མདོར་ཀུང་སི་གསུམ་བཙུགས་ཡོད་པ་རེད།