འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་10འཛིན་བཟུང་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་26ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2023ལོའི་ཟླ་5པའི་ཚེས་30ཉིན། འབྲོང་པ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཐང་ཆེ་གེ་མོས་གྱོད་དོན་སྙན་སེང་བྱས་ནས་བཤད་རྒྱུར། རང་ཉིད་ལ་“དངུལ་ཁང་གི་ལས་བྱེད་མི་སྣ”ཞིག་གི་ཁ་པར་འབྱོར། ཕ་རོལ་པོས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཀ་གཅོག་པར་ཁ་གཡར་ནས་ངའི་སྒོར་197488.24མགོ་སྐོར་བཏང་བ་དང་། སྤྱི་བདེ་ལས་ཁུངས་ལ་བརྟག་དཔྱད་བྱ་རྒྱུའི་རེ་བ་ཞུས།
   གྱོད་དོན་སྙན་སེང་འབྱོར་རྗེས་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་བྱས་ནས། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་མཁན་གྱི་དཔལ་འབྱོར་གྱོང་གུན་སེལ་གང་ཐུབ་བྱེད་པའི་དུས་མཚུངས་ཉེས་ཅན་གྱི་རྫིག་ཉམས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་མར་མི་དམངས་ཉེན་རྟོག་པ་ཧྲག་སྒྲུག་བྱས་ནས། ལས་ཀའི་ཆེད་དོན་ཚན་པ་བཙུགས་པ་དང་གྱོད་གཞིའི་མ་དངུལ་དང་ཆ་འཕྲིན་སོགས་ཀྱི་ཆ་འཕྲིན་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། མྱུལ་ཞིབ་ཉེན་རྟོག་པས་གྱོད་གཞི་དེའི་གྱོད་འབྲེལ་མ་དངུལ་ཁག་གཅིག་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དང་ཀྲའོ་ཆིང་གྲོང་ཁྱེར་སོགས་སུ་དངུལ་སྨར་ལེན་མྱོང་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཁུངས་སྣེ་ཤེས་རྟོགས་དང་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཆེད་དོན་ཚན་པའི་མི་དམངས་ཉེན་རྟོག་པ་འཕྲལ་མར་དཔུང་ཁག་གཉིས་ལ་བགོས་ནས་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་སུ་བསྐྱོད་དེ་བརྟག་དཔྱད་བྱས་ནས་དཔང་རྟགས་ལེན་པའི་ལས་དོན་སྤེལ་བ་རེད། ཉིན་15བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ཆེད་དོན་གྱོད་གཞིའི་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཀོང་ཏུང་དང་། ཀོང་ཞི། ཅང་སུའུ་སོགས་ཞིང་ཆེན་3དང་གྲོང་ཁྱེར་6ཏུ་བསྐྱོད་ཅིང་། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག ཞང་ཆེ་གེ་མོས་གཙོས་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་10བདེ་བླག་ངང་འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་དངུལ་སྒོར་165060ཚུར་བླངས་པ་དང་། དངུལ་ཁང་གཱ་6དང་ཁ་པར་གཱ་6བསྡུས་པ། ལག་ཐོགས་ཁ་པར་དངུལ་ཁང་གི་རྩིས་ཁྲ་5མེད་པ་བཟོས་པ་བཅས་རེད།
   འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཞང་ག་གེ་མོས་2023ལོའི་ཟླ་4པ་ནས་བཟུང་། མཚམས་སྦྱོར་མི་སྣ་བྱས་ཏེ་མི་གཞན་ལ་དངུལ་ཁང་བྱང་བུའི་བདག་པོ་ངོ་སྤྲོད་ཐེངས་མང་བྱས་པ་མ་ཟད། བདག་པོའི་ཁ་པར་དང་དངུལ་ཁང་གཱ་སྤྱད་ནས་དངུལ་ཁོངས་སྒྱུར་བ་དང་དངུལ་སྨར་བླངས་ནས་ཁེ་བཟང་ཟ་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཡོད་ཅིང་། བྱ་སྤྱོད་དེ་ནི་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱ་སྤྱོད་ལ་རོགས་རམ་བྱས་པའི་ཉེས་གསོག་གི་དོགས་པ་ཡོད་པ་རེད། མིག་སྔར། གྱོད་གཞི་དེའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་10ལ་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་དེ་མཚུངས་ཀྱི་ཆད་གཅོད་བྱེད་ཐབས་སྤྱད་ཡོད་པ་དང་། གྱོད་གཞི་མྱུལ་ཞིབ་བྱེད་སྒང་ཡིན།