༄༅།།འབྲུ་རིགས་ཀྱི་བདེ་འཇགས་སྔར་བས་ལེགས་སུ་སོང་བ།
—— དབྱར་འབྲུ་བསྡུ་ཡུལ་ནས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་ལ་ལྟ་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་25ཉིན། 13:49】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་ཅུན་དང་། ཡུས་ཅིང་ཤན། ཡིའུ་དབྱི།
དབྱར་འབྲུ་བསྡུ་འགོ་ཚུགས་ཚུན། ཨན་ཧུའེ་ཞིང་ཆེན་ཀུ་ཀྲེན་རྫོང་གི་འབྲུ་འདེབས་དུད་ཆེན་ཝང་ཧན་ལ་ས་གནས་གཞན་ནས་ཁ་པར་ཡང་སེ་འབྱོར་གྱི་ཡོད། “ཧོ་ནན་དང་། ཧྲན་ཤིས། ཀུའེ་ཀྲོའུ་བཅས་ནི་འབྲུ་རིགས་ཉོ་ཚོང་ཀུང་སིར་འབྲུ་རིགས་ཉོ་བར་ཡོང་མཁན་ཚོང་ཤག་རྙིང་པ་ཤ་སྟག་ཡིན”ཞེས་ཝང་ཧན་གྱིས་བཤད་པ་དང་། ཁོང་གིས་མཛུབ་མོས་རྩིས་བརྒྱབ་ནས་ལ་ལས་འབྲུ་རིགས་ཏུན་1500དགོས་པ་དང་། ལ་ལས་ཏུན་3000དགོས་པ་བཤད་པས། འབྲུ་རིགས་བཙོང་མི་ཐུབ་པའི་སེམས་ཁྲལ་མི་དགོས་ཚུལ་བཤད།
ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན། མི་འབོར་དུང་ཕྱུར་14ཟིན་པའི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བདེ་འཇགས་ལྡན་པའི་ངང་མཁོ་སྤྲོད་བརྟན་པོ་ཡོང་བར་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་དོན་ཆེན་ཨང་དང་པོ་ཡིན་པས། ཞིང་ལས་སྟོབས་ཆེར་བཏང་ཚེ་འབྲུ་རིགས་བདེ་འཇགས་ཡོངས་སུ་འགན་ལེན་ཐུབ་ལ། ང་ཚོས་ཁྱོན་ཡོངས་ནས་བརྟན་པོ་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། འགོ་ཡག་པོ་འཛུགས་ཐུབ་པ་བཅས་བྱུང་ཚེ་གཞི་ནས་གདེང་ཚོད་ཆེས་ཆེར་འཕེལ་ཏེ་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་འཛིན་ཐུབ།
ཞིང་ལས་སྟོབས་ཆེར་གཏོང་བར་དང་ཐོག་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ཀྱི་འགན་སྲུང་ནུས་པ་ངེས་པར་དུ་མཐོ་རུ་གཏོང་དགོས། འབྲུ་རིགས་ཐོན་ཚད་ལོ་8བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་ནས་ང་ཚོས་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལྕགས་ཕོར་བརྟན་པོར་བཟུང་དགོས། འབྲུ་རིགས་ཀྱི་དགོས་མཁོ་ལྡོག་མེད་ངང་འཕར་བར་དམིགས་ནས་ངེས་པར་དུ་ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩ་བརྟན་དུ་བཏང་སྟེ། ཐོན་ཚད་དང་ཐོན་ནུས་མཉམ་དུ་དམ་འཛིན་དང་། གྲངས་ཚད་དང་སྤུས་ཚད་མཉམ་དུ་དམ་འཛིན། ཐོན་སྐྱེད་དང་སྐྱེ་ཁམས་མཉམ་དུ་དམ་འཛིན་བཅས་མཐའ་འཁྱོངས་བྱས་ནས་ཞིང་ལས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ལྡེམ་ཤུགས་དང་བརྟན་ཚད་ཆེ་རུ་བཏང་སྟེ་འབྲུ་རིགས་བདེ་འཇགས་བརྟན་པོའི་ངང་སྔར་བས་མཐོ་བ་ཡོང་བར་བྱས་ཡོད།
—— འབྲུ་རིགས་བདེ་འཇགས་སྔར་བས་མཐོ་བ་ཡོང་བར་བྱེད་པར་གྲངས་ཚད་ལ་མཐོང་ཆེན་བྱེད་དགོས་ལ་སྤུས་ཚད་ལ་དེ་བས་མཐོང་ཆེན་བྱས་པ།
“ས་ཞིང་མུའུ་120ལ་མུའུ་རེ་ནས་ཐོན་འབབ་རྒྱ་མ་1400ཐོན་ཚེ། ལོ་ཏོག་སྨིན་པའི་སྐབས་བསྡུས་པའི་གྲོའི་འབྲུ་རྡོག་ཚད་རན་ལ་སྤུས་ཚད་ཀྱང་ཧ་ཅང་ཡག་པོ་འདུག”ཅེས་ཧྲན་ཏུང་ཞིང་ཆེན་ལན་ལིང་རྫོང་ཡོན་དབང་ཁྱིམ་ཚང་ཞིང་རའི་འགན་འཁུར་བ་ཡན་པིང་ཆུན་གྱིས་བཤད།
ལག་རྩལ་ཞིང་ཁར་དོན་འཁྱོལ་བྱས་ནས་ཐོན་འབབ་བརྟན་པོ་དང་སྤུས་ཚད་མཐོར་གཏོང་ལ་འདེགས་སྐྱོར་ཐུབ་ཡོད། ཡན་པིང་ཆུན་གྱིས“ཚོགས་མི་150ལྷག་ཙམ་ཡོད་པའི་ལག་ཐོགས་ཁ་པར་གྱི་ཞིང་ལས་ལག་རྩལ་མཛུབ་ཁྲིད་ཚོགས་པའི་ནང་ལག་རྩལ་མཛུབ་ཁྲིད་པ་བཅུ་ཕྲག་ཁ་ཤས་ཡོད་པ་མ་ཟད། ལོ་ཏོག་སྙེ་མ་གཏོང་བ་དང་། ཆུ་དང་ཁ་ལུད་རྒྱག་པ་སོགས་དུས་མཚམས་གལ་ཆེན་སྐབས་དོགས་པ་གང་བྱུང་བ་འཕྲལ་མར་ཐད་འབྲེལ་ཁ་པར་ཐོག་ནས་རིགས་གཅིག་མཁས་ཅན་ལ་འབྲེལ་བ་བྱེད་ཆོག་གི་ཡོད”ཅེས་བཤད།
གྲོའི་སྤུས་ཚད་མཐོ་རུ་གཏོང་ཆེད། ལན་ལིང་རྫོང་གིས་་ཞིང་ཁའི་ནང་ནད་དང་འབུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་བྱེད་པའི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་མ་ལག་60ལྷག་ཙམ་བཙུགས་ཡོད།
དབྱར་འབྲུ་འདེབས་པ་ནས་བསྡུ་བའི་བར་གྱི་ལྷུ་ཚིགས་ཚང་མ་ལོ་ལེགས་བྱུང་བ་དང་འབྲེལ་བ་ཡོད། འདི་ལོའི་དཔྱིད་ཀར་ཀྲུང་དབྱང་ནོར་སྲིད་ནས་གྲོའི“གཏོར་བ་གཅིག་དང་འགོག་པ་གསུམ”ལ་སྤྱོད་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་16བཏང་ནས་ཧོ་པེ་དང་། ཨན་ཧུའེ། ཧྲན་ཏུང་། ཧོ་ནན་སོགས་གྲོ་ཐོན་སྐྱེད་ཞིང་ཆེན་22ལ་རྒྱབ་སྐྱོར་བྱས་ཏེ་གྲོ་ཐོན་སྐྱེད་བྱེད་རིང་དང་བྱས་རྗེས་ལ་ནད་དང་འབུའི་གནོད་འཚེ་འགོག་པ་དང་ཚོད་འཛིན་བྱས་ནས་སྙེ་མ་ཆེན་པོ་འགན་ལེན་དང་། འབྲུ་རྡོག་ཆེན་པོ་འཕེལ་བ། མུའུ་རེའི་ཐོན་ཚད་མཐོར་གཏོང་བཅས་ཡོང་བར་བྱས་ཡོད།
འདི་ལོར་རྒྱལ་ཡོངས་ཀྱི་བཟའ་འབྲུ་དང་པད་ཁ་སོགས་ལོ་ཏོག་གཙོ་བོའི་མུའུ་རེའི་འདེབས་ཁྱོན་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཞིང་ས་གཤིན་པོ་དང་། སོན་བཟང་། ཞིང་འཕྲུལ། ཞིང་འདེབས་ལག་རྩལ་སོགས་ཕྱོགས་ཚང་མའི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཐོན་འཕར་ལག་རྩལ་ཆ་ལག་ཚང་བ་གཅིག་སྡུད་ཐོག་སྤྱད་དེ་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པས་ཞིང་དུད་ཀྱིས་ཐོན་ཚད་མཐོ་བའི་སྣེ་ཁ་སྤྱོད་པའི་ལག་རྩལ་སྤྱོད་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱས་ནས་གཞི་ཁྱོན་ཆེན་པོས་མུའུ་རེའི་ཐོན་ཚད་མཐོ་རུ་འགྲོ་བར་ཕན་འབྲས་མགྱོགས་མྱུར་ཐོན་པར་སྐུལ་འདེད་བཏང་ཡོད།
—— འབྲུ་རིགས་བདེ་འཇགས་སྔར་བས་མཐོ་བ་ཡོང་བ་བྱེད་པར་ཐོན་ཚད་ལ་མཐོང་ཆེན་བྱེད་དགོས་ལ་ཐོན་ནུས་ལའང་མཐོང་ཆེན་བྱས་པ།
མི་རིང་བའི་གོང་། སྤྱི་རྒྱ་608.7ཟིན་ནས “སི་ཁྲོན་གྲོ་ཨང་133པའི”མུའུ་རེའི་བསྡུ་འབབ་ཁྲེང་ཏུའུ་གྲོང་ཁྱེར་གྱི་གྲོ་མུའུ་རེའི་ཐོན་འབབ་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། སྣེ་ཁ་དེ་ནི་ན་ནིང་འབྲི་ཆུའི་སྟོད་རྒྱུད་ཀྱི་དགུན་གྲོ་འདེབས་ཁུལ་ལ་ཐོན་ཚད་མཐོ་བའི་རིགས་སུ་བརྩིས་ནས་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འཁེལ་བྱས་པའི་གྲོ་སྣེ་ཁ་གསར་པའི་རིགས་གཅིག་པུ་ཡིན་པ་རེད།
ཐོན་སྐྱེད་དང་ཐོན་འབབ་བརྟན་པོ་ཡོང་བ་ནི་སོན་ཡག་པོར་ཐུག་ཡོད། “‘སི་ཁྲོན་གྲོ་ཨང་133པ’དེས་དམར་རུལ་ནད་འགོག་ཐུབ་ལ་ཐན་པ་འགོག་ཐུབ་ནས་སྣ་མང་རྙོག་འཛིང་ཆེ་བའི་སྐྱེ་ཁམས་ཁུལ་དང་གནམ་གཤིས་ཧ་ཅང་ངན་པ་བསྟན་པའི་སྐབས་ཐོན་ཚད་མཐོ་པོ་ཡོང་བར་བྱེད་ཐུབ་ཀྱི་ཡོད”ཅེས་སི་ཁྲོན་ཞིང་ལས་སློབ་ཆེན་གྲོ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཝུའུ་པི་ཧྭ་ཡིས་ངོ་སྤྲོད་བྱས།
ཁྲུང་ཆིང་ཐུང་ནན་དུ་གསར་དུ་འདེབས་གསོ་བྱས་ནས་ལེགས་གྲུབ་བྱུང་བའི“ཁྲུང་ཆིང་གི་པད་ཁ་ཨང་8པར”བཟའ་སྣུམ་འདུས་ཚད་51.54%ཟིན་ནས“པད་རྡོག་ཕོར་པ་གཉིས་ལས་སྣུམ་ཕོར་པ་གང་འཚག་ཐུབ”ཀྱི་ཡོད། ཅང་སུའུ་ཡན་ཁྲེང་དུ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་འདེམས་གསོ་བྱས་པའི་ས་ཞིང་བ་ཚྭ་ཅན་གྱི་པད་ཁ་སྣེ་ཁ་གསར་པའི་འཕྲུལ་འཁོར་གྱིས་བསྡུས་པའི་ཐོན་འབབ་མུའུ་རེར་སྤྱི་རྒྱ་323.87ཟིན་ནས། ས་ཞིང་བ་ཚྭ་ཅན་གྱི་པད་ཁའི་ཐོན་འབབ་མཐོ་བའི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ས་བོན་ནི་ཞིང་ལས་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན། དུས་རབས་གསར་པའི་ལོ་ངོ་བཅུའི་རིང་། རང་རྒྱལ་གྱིས་སོན་ལས་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སོན་རིགས་གཙོ་བོ་རང་ཉིད་ཀྱིས་སྟངས་འཛིན་ནན་པོ་བྱས་ཡོད། མིག་སྔར་རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁེབས་ཚད་96%ཡན་དང་རང་བརྟེན་འདེམས་གསོ་སོན་རིགས་བཏབ་ཁྱོན་གྱི་བསྡུར་གྲངས་95%ཡན་ཟིན་ཡོད།
འདི་ལོར་རང་རྒྱལ་གྱིས་གྲོ་སོན་སྣེ་ཁ་གསར་པ་197ལ་གསར་དུ་ཞིབ་བཤེར་གཏན་འཁེལ་བྱས་པས། ཐོན་མཐོ་སྤུས་ལེགས་དང་། གནོད་མེད་གནོད་འགོག ཆེད་བཀོལ་ཆེད་སྤྱོད་བཅས་ཀྱིས་སོན་བཟང་ཁག་མང་པོས་འབྲུ་རིགས་ཐོན་ནུས་ཆེ་རུ་འགྲོ་བར་རམ་འདེགས་སྔར་བས་ཡག་པོ་ཐུབ་ཡོད།
ཐོན་འབབ་བརྟན་པོ་དང་ཐོན་འབབ་འཕར་བའི་འགག་རྩ་རྨོ་ཞིང་ལ་ཐུག་ཡོད། རྨོ་ཞིང་གི་རྨང་གཞི་བརྟན་དུ་བཏང་ནས་འབྲུ་མཛོད་ཡག་པོ་བསྐྲུན་པ། ན་ནིང་གི་ལོ་མཇུག་བར། རིམ་རྩིས་བྱས་ན། རྒྱལ་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་10བསྐྲུན་པ་ལས་བཅུ་ཆ་བདུན་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན་པའི་ཞིང་ཆེན་13དུ་ཡོད་ལ། མུའུ་རེར་ཆ་སྙོམས་འབྲུ་རིགས་ཐོན་འབབ་10%ནས་20%བར་འཕར་ཡོད་པ་རེད། རེས་སྐོར་གསར་པའི་རྒྱ་མ་དུང་ཕྱུར་ཆིག་སྟོང་གི་འབྲུ་རིགས་ཐོན་ནུས་ཆེར་གཏོང་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་དང་བསྟུན་ནས། རང་རྒྱལ་གྱི་འབྲུ་རིགས་ཐོན་ནུས་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།
—— འབྲུ་རིགས་བདེ་འཇགས་ཀྱི་རིམ་པ་སྔར་བས་འཕར་བར་བྱས་ནས་ཐོན་སྐྱེད་དང་སྐྱེ་ཁམས་གཉིས་ཀར་མཐོང་ཆེན་བྱས་པ།
“གྲོ་དང་པད་ཁ་མུའུ་1000བརྔས་ཚར་རྗེས་སོག་མ་ལམ་སེང་ཞིབ་ཞིབ་བཟོས་ནས་སླར་ཡང་ཞིང་ཁར་སྣོན་པ་དང་། ཞིང་ཁ་མང་ཙམ་རྨོས་ཚེ་སོག་མ་སྔར་བས་སྙོམས་པ་རུལ་གྱི་རེད”ཅེས་ཨན་ཧུའེ་ཞིང་ཆེན་ནན་ལིང་རྫོང་སན་ལི་གྲོང་རྡལ་ཕའེ་ལོའུ་གྲོང་ཚོའི་ཧའེ་ཕུང་ཆུ་འབྲས་འདེབས་འཛུགས་ཁྱིམ་ཚང་ཞིང་རའི་འགན་འཁུར་བ་ཀའོ་ཤིས་ཝུའུ་ཡིས་བཤད།
བར་ཐག་རིང་པོ་མེད་པའི་ཞིང་ཁར། རྩྭ་ལྡུམ་ཙི་ཡུན་དབྱིན་གྱི་སོན་བཏབ་ནས་ལུད་བསྙལ་རྗེས་ཆུ་འབྲས་འདེབས་འགོ་ཚུགས། “ལོ་3རྩྭ་སོན་བཏབ་ན་བེད་མེད་དུ་ལུས་པའི་ཞིང་ཁ་ཡང་ས་ཞིང་གཤིན་པོར་འགྱུར་ཐུབ། ས་བོན་ཆུང་ཡང་སྔོ་ལུད་བརྒྱབ་ཚེ་ཕན་འབྲས་ཡག་པོ་ཐོན་ཐུབ”ཅེས་ཀའོ་ཤིས་ཝུའུ་ཡིས་བཤད། ལོ་གཅིག་རིང་མུའུ་རེར་གཅིན་ལུད་རྒྱག་ཚད་སྤྱི་རྒྱ་20ལྷག་ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
དབྱར་འབྲུ་བསྡུ་བའི་སྐབས། ནན་ལིང་རྫོང་གི་རྨོ་ཞིང་མུའུ་ཁྲི་60ཡི་སོག་མ་ཞིབ་ཞིབ་བཟོས་ནས་ཕྱིར་ཞིང་ཁར་སྣོན་པ་དང་། ཆུ་འབྲས་མ་བཏབ་གོང་ཞིང་ཁར་རྩྭ་ལྡུམ་ཙི་ཡུན་དབྱིན་རེས་མོས་བྱས་ནས་འདེབས་རྒྱུ་ཁྱབ་གདལ་བཏང་སྟེ་ས་རྒྱུ་ཇེ་གཤིན་དུ་བཏང་ཞིང་། མིག་སྔར། ནན་ལིང་རྫོང་གི་རྩྭ་ལྡུམ་ཙི་ཡུན་དབྱིན་འདེབས་ཁྱོན་མུའུ་ཁྲི་23ཟིན་ནས་ས་བོན་བཙོང་འབོར་གྱིས་རྒྱལ་ཡོངས་ཀྱི་25%ཟིན་ཡོད་པ་རེད།
འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་ཞིང་ལས་གནོད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པ་མ་ཟད། ད་དུང“ཞིང་ལས་མཁོ་རྫས་ཀྱི་གྲངས་འབོར་ཉུང་འཕྲི་དང་ཕན་འབྲས་ཆེར་གཏོང་གི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱེད་མགྱོགས་སུ་གཏོང་དགོས”ཞེས་ནན་བཤད་ཀྱང་བྱས་ཡོད། འབྲུ་རིགས་ཐོན་སྐྱེད་ཐད་ཐོན་འབབ་ལུགས་མཐུན་འཕར་བ་དང་སྤུས་ཚད་ལེགས་སུ་ནུས་ལྡན་འགྲོ་རྒྱུའི་འགན་ལེན་བྱས་པ་དང་ཆབས་ཅིག ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཐོན་སྐྱེད་དང་སྐྱེ་ཁམས་གཉིས་ཀ་མཉམ་དུ་དམ་འཛིན་བྱས་ཡོད།
མིག་སྔར། རང་རྒྱལ་གྱི་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ལོ་6བསྟུད་མར་ཉུང་དུ་ཕྱིན་ཡང་། འབྲུ་རིགས་སྐྱེ་དངོས་ཆེན་པོ་གསུམ་གྱི་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་41%ལས་བརྒལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་སྤུས་ལེགས་འབྲུ་རིགས་འཕར་ཚད་ལོ་རེར་ཆ་སྙོམས་10%ཡན་ཟིན་རྒྱུ་ཡིན་པ་རེད།
རྒྱང་ལམ་གསར་པར་སྐྱོད་རིང་། འབྲུ་རིགས་བདེ་འཇགས་ཡོང་བའི“རྒྱལ་ཁབ་ཀྱི་དོན་ཆེན”འདི་ཕྲག་ཐོག་ཏུ་ཁུར་བ་དང་ཀྲུང་གོ་བའི་ལྕགས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ན། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་ངེས་རེད།
(པ་སངས་ཚེ་རིང་དང་དམ་ཆོས་མི་ཕམ་གྱིས་བསྒྱུར་ནས་ཞུས)
