༄༅།།ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་གནང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་16ཉིན། 09:56】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་6ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨ་པཱ་སིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཕའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཕ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་མཁན་གྱི་གྲོགས་པོ་བློས་ཐུབ་དང་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་གོ་ནི་ཕ་ལེ་སི་ཐན་གྱི་བཅིངས་འགྲོལ་རྩ་འཛུགས་དང་པ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་མཁན་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་ཡིན་ལ། ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་དྲང་བདེན་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ནས་ཕྱོགས་ཡོངས་དང་། གཞུང་དྲང་། རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་དངོས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱས་ནས་ཕྱོགས་མང་གི་འདུ་ཚོགས་སུ་མུ་མཐུད་ཕ་ལེ་སི་ཐན་ཕྱོགས་ཀྱི་ཆེད་དུ་བདེན་གཏམ་ཤོད་པ་དང་ལུགས་མཐུན་དྲང་གཞག་སྐྱོང་རོགས་བྱ་རྒྱུ་མ་ཟད། ཕ་ལེ་སི་ཐན་ཕྱོགས་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱིས་རོགས་སྐྱོར་དང་ཕ་ལེ་སི་ཐན་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་དཀའ་ངལ་སེལ་རོགས་དང་བསྐྱར་སྐྲུན་ཐད་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཕྱོགས་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བྱས་ནས་ཕན་ཚུན་གྱི་ལྟེ་བའི་དོ་ཁུར་གནད་དོན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་ཕའི་རང་མོས་ཚོང་དོན་གྲོས་ཆོད་གྲོས་མོལ་མགྱོགས་སུ་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕ་ལེ་སི་ཐན་གྱི་གནད་དོན་དུས་རབས་ཕྱེད་ཀ་ལྷག་ཙམ་ནར་འགྱངས་ཕྱིན་པར་བརྟེན་ཕ་ལེ་སི་ཐན་གྱི་མི་དམངས་ལ་དཀའ་སྡུག་ཆེན་པོ་བཟོས་ཡོད་པས་ངེས་པར་དུ་གང་མགྱོགས་ཕ་ལེ་སི་ཐན་ལ་དྲང་བདེན་སྐྱོང་རོགས་བྱེད་དགོས། ཞི་ཅིན་ཕིང་གིས་དགོངས་ཚུལ་གསུམ་བཏོན་གནང་བ་སྟེ། གཅིག ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་དེ་1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཤར་ཅེ་རུས་ས་ལེམ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ལོངས་སུ་སྤྱོད་པ་བཅས་ཀྱི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུར་ཐུག་ཡོད་པ་དང་། གཉིས། ཕ་ལེ་སི་ཐན་གྱི་དཔལ་འབྱོར་དང་དམངས་འཚོའི་དགོས་མཁོ་འགན་ལེན་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ། ཞི་བའི་གྲོས་མོལ་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། ཅེ་རུས་ས་ལེམ་ཆོས་ལུགས་གནས་མཆོག་གི་ལོ་རྒྱུས་ཐོག་ཆགས་པའི་ད་ཡོད་གནས་ཚུལ་ལ་བརྩི་འཇོག་བྱས་ཏེ་ཐལ་དྲགས་པ་དང་འཁྲུག་རྐྱེན་སློང་བའི་གཏམ་སྤྱོད་དོར་བ་དང་། གཞི་ཁྱོན་དེ་བས་ཆེ་བ་དང་། དབང་གྲགས་དེ་བས་ཆེ་བ། ཤུགས་རྐྱེན་དེ་བས་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བསྐྱར་དུ་ཞི་བའི་གྲོས་མོལ་བྱ་རྒྱུར་ཆ་རྐྱེན་སྐྲུན་པ་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་པོ་ཞི་བདེ་མཉམ་གནས་ཡོང་བར་རོགས་རམ་བྱ་ཆེད་འབད་བརྩོན་ཏན་ཏིག་བྱེད་དགོས། ཕ་ལེ་སི་ཐན་གྱི་ནང་ཁུལ་འདུམ་འགྲིག་མངོན་འགྱུར་དང་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་དབུས་ཤར་ས་ཁུལ་གྱི་དུས་བབ་ཀྱི་འགྱུར་ལྡོག་གསར་པར་དམིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་ཨའི་མཉམ་སྡེབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
ཨ་པཱ་སིས། ངས་ཕ་ལེ་སི་ཐན་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་དྲང་བདེན་བྱ་གཞག་སླར་གསོར་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཕ་ལེ་སི་ཐན་ཕྱོགས་ཀྱིས་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་ཡིན། ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་ཕ་ལེ་སི་ཐན་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཕ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་ཕ་ལེ་སི་ཐན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། སོ་ཏི་ཨ་རབ་དང་དབྱི་རན་དབར་གྱི་སྐད་ཆ་ཤོད་རེས་ལ་ཀྲུང་གོ་ཕྱོགས་ཀྱིས་གྲུབ་འབྲས་ཐོབ་པའི་སྒོ་ནས་བར་འདུམ་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་དྲང་གཞུང་ངང་ཐག་གཅོད་ཐུབ་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་གྲོས་འགོ་མང་པོ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་བློ་གྲོས་དང་གཞུང་དྲང་གི་ལངས་ཕྱོགས་ལ་ཕ་ལེ་སི་ཐན་ཕྱོགས་ཡིད་ཆེས་ཡོད། ཕ་ལེ་སི་ཐན་གྱི་ནང་ཁུལ་འདུམ་འགྲིག་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་འཛམ་གླིང་དབུས་ཤར་ས་ཁུལ་དུ་ཞི་བདེ་ཡོང་ཆེད་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་ཕའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་དྲན་གསོའི་ཡིག་ལྐོགས་དང་པོར་མཚན་རྟགས་བཀོད་པ་དང་འབྲེལ་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་དཔང་པོའང་གནང་བ་རེད།
ཕྱོགས་གཉིས་པོས《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨ་པཱ་སིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཨ་པཱ་སི་འབྱོར་སྐབས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་21གྲགས་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་རྗེས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཨ་པཱ་སིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨ་པཱ་སིར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་དང་ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)
