འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རླུང་གློག་ར་བའི་སྒྱུར་བཀོད་རིམ་སྤོར་དང་བེད་མེད་དུ་གཏོང་བར་དོ་དམ་བྱེད་ཐབས་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་15ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཏིང་དབྱི་ཐིང་།
     ཉེ་ཆར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《རླུང་གློག་ར་བའི་སྒྱུར་བཀོད་རིམ་སྤོར་དང་བེད་མེད་དུ་གཏོང་བའི་དོ་དམ་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བྱེད་ཐབས》ནང་བཏོན་དོན། གློག་དྲ་སྦྲེལ་མཐུད་བྱས་ནས་ལོ་15ལྷག་ཙམ་སོང་བའམ་ཡང་ན་འཕྲུལ་ཚན་རྐྱང་པའི་ཤོང་ཚད་ཀྲའོ་ཝ་1.5ལས་ཆུང་བའི་རླུང་གློག་ར་བ་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་། གློག་དྲ་སྦྲེལ་མཐུད་བྱས་ནས་འཁོར་སྐྱོད་བྱེད་ཚད་འཆར་འགོད་བེད་སྤྱོད་ཀྱི་དུས་ཚད་ལ་སླེབས་པའི་རླུང་གློག་ར་བ་བེད་མེད་དུ་གཏོང་བ། བདེ་འཇགས་འཁོར་སྐྱོད་ཀྱི་ཚོད་སྐོར་བྱས་པ་བརྒྱུད་བདེ་འཇགས་འཁོར་སྐྱོད་ཀྱི་ཆ་རྐྱེན་དང་མཐུན་ཚེ་མུ་མཐུད་གཉེར་སྐྱོང་བྱེད་ཆོག་པ་བཅས་ཀྱི་ལྕག་སྐུལ་བྱེད་དགོས།
     2003ལོ་ནས་བཟུང་རང་རྒྱལ་གྱི་རླུང་གློག་ཐོན་ལས་ཅན་གྱི་འཕེལ་རྒྱས་དུས་མཚམས་སུ་སླེབས་ནས་སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། རླུང་གློག་འཕྲུལ་ཚན་གྱི་འཆར་འགོད་སྤྱོད་ཡུན་ལོ་20ལྟར་རྩིས་བརྒྱབ་ན། དུས་འགོར་གློག་གཏོང་འགོ་ཚུགས་པའི་རླུང་གློག་ར་བ་གཅིག་རྗེས་གཉིས་མཐུད་ངང་གཉེར་སྐྱོང་གི་དུས་མཇུག་ཏུ་སླེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧ་ལམ་2014ལོའི་རྗེས་སུ་ཀྲའོ་ཝ་2དང་དེ་མན་གྱི་འཕྲུལ་ཚན་རྐྱང་པའི་ཤོང་ཚད་ཀྱི་གློག་འདོན་འཕྲུལ་འཁོར་གྱིས་གློག་འདོན་པའི་བསྡུར་གྲངས་བཟུང་ཚད་རིམ་བཞིན་ཆུང་དུ་ཕྱིན་ཡོད། མིག་སྔར་ཀྲའོ་ཝ་7གྱི་སྐམ་སའི་རླུང་གློག་འཕྲུལ་ཚན་རིམ་བཞིན་བཀོལ་སྤྱོད་བྱས་པ་དང་ཀྲའོ་ཝ་10ཡི་སྐམ་སའི་རླུང་གློག་འཕྲུལ་ཚན་བདེ་བླག་ངང་སྤྱོད་འགོ་ཚུགས་ཡོད།
     “དུས་ཐོག་ཏུ་འབྲེལ་ཡོད་ཀྱི་དོ་དམ་བྱེད་ཐབས་བཏོན་ནས་རླུང་གློག་ར་བའི་སྒྱུར་བཀོད་རིམ་སྤོར་དང་བེད་མེད་དུ་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བར་དགོས་གལ་ཆེན་པོ་ཡོད” རྒྱལ་ཁབ་ནུས་རྒྱུ་ཅུས་ནུས་རྒྱུ་གསར་པ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཕྱོགས་གཅིག་ནས་དུས་འགོར་བསྐྲུན་པའི་རླུང་གློག་ར་བ་གནས་སའི་ས་ཁོངས་ཀྱི་རླུང་ནུས་ཐོན་ཁུངས་ཡག་པོ་ཡོད། འོན་ཀྱང་སྤྱོད་བཞིན་པའི་འཕྲུལ་ཚན་གྱི་གཏན་འཁེལ་གྱི་ཤུགས་ཚད་དམའ་པོ་ཡོད། འཁོར་སྐྱོད་ཀྱི་དུས་ཚོད་རིང་དུ་ཕྱིན་པ་དང་ཆབས་ཅིག་གློག་གཏོང་གི་ནུས་ཕྱོད་དམའ་རུ་འགྲོ་བའི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད། འཕྲུལ་ཚན་གསར་པ་སྤྱད་ནས་སྒྱུར་བཀོད་རིམ་སྤོར་བྱས་ཚེ་སྤུས་ལེགས་ཀྱི་ཐོན་ཁུངས་སྔར་བས་ཡག་པོ་སྤྱོད་ཐུབ་ལ། གློག་གཏོང་གི་ནུས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་རླུང་གློག་ར་བའི་སྒྱུར་བཀོད་རིམ་སྤོར་དང་བེད་མེད་དུ་གཏོང་བའི་ལས་དོན་དེ་ས་ཆ་བརྗེ་སྒྱུར་དང་། གློག་དྲ་སྦྲེལ་མཐུད། ལེ་ལག་ཚང་བའི་གློག་སྒྱུར་ལས་གྲྭའི་སྒྱུར་བཀོད། ཁོར་ཡུག་ཚོད་སྐོར་དང་ས་ཆུ་སྲུང་འཛིན་གྱི་ལས་དོན་བསྐྱར་དུ་སྒྲུབ་གཉེར་སོགས་དང་འབྲེལ་བ་ཡོད་ལ། རིན་གོང་དང་རྒྱལ་ཁབ་ཀྱི་ནོར་སྲིད་ཁ་གསབ་སོགས་སྲིད་ཇུས་དང་སྦྲེལ་མཐུད་ཡག་པོ་བྱས་ཏེ་དམིགས་སའི་རང་བཞིན་གྱི་སྲིད་ཇུས་བཟོས་ནས་ཁ་གསལ་དུ་གཏོང་དགོས།
     རླུང་གློག་ར་བའི་སྒྱུར་བཀོད་རིམ་སྤོར་ཟེར་བར་འདི་ལྟར་གོ་བ་བླངས་ཆོག་པ་སྟེ། དེ་ནི་དེ་མཚུངས་ཀྱི་རླུང་གློག་འཕྲུལ་ཚན་ལ“ཆེ་བས་ཆུང་བའི་ཚབ་བྱེད་པ་དང་ལེགས་པས་ཞན་པའི་ཚབ་བྱེད་པར”ཟེར། དེ་ཡང་ཤོང་ཚད་ཆེ་བའི་འཕྲུལ་ཚན་རྐྱང་པས་ཤོང་ཚད་ཆུང་བའི་འཕྲུལ་ཚན་རྐྱང་པའི་ཚབ་བྱེད་པ་དང་། ནུས་པ་ལེགས་པའི་འཕྲུལ་ཚན་གྱིས་ནུས་པ་ཞན་པའི་འཕྲུལ་ཚན་གྱི་ཚབ་བྱས་ཏེ་རླུང་གློག་ར་བའི་ལེ་ལག་ཚང་བའི་མཐོ་གནོན་གློག་སྒྱུར་ས་ཚིགས་དང་། རླུང་གློག་ར་བའི་འདུས་གྲུབ་གློག་སྐུད་སོགས་ཀྱི་སྒྲིག་བཀོད་གསར་བརྗེའམ་ཡང་ན་ལག་རྩལ་སྒྱུར་བཀོད་རིམ་སྤོར་བྱས་ནས་རླུང་གློག་ར་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་ཐུབ་པ་བྱེད་རྒྱུ་རེད། རླུང་གློག་ར་བ་བེད་མེད་དུ་གཏོང་བ་ནི་གློག་དྲ་སྦྲེལ་མཐུད་བྱས་ནས་འཆར་འགོད་ལོ་ཚད་དུ་སླེབས་པ་མ་ཟད། བདེ་འཇགས་འཁོར་སྐྱོད་ཀྱི་ཚོད་སྐོར་བརྒྱུད་མུ་མཐུད་འཁོར་སྐྱོད་མི་ཐུབ་པའི་རླུང་གློག་ར་བའི་རླུང་གློག་འཕྲུལ་ཙུའུ་དབར་སྦྲེལ་བའི་གློག་སྐུད་སྡེབ་གཅིག་ལ་བཅད་རྗེས་རླུང་གློག་ར་བའི་སྒྲིག་བཀོད་ཆ་ཚང་བཤིགས་པ་མ་ཟད། བླང་བྱ་ལྟར་དེ་སྔའི་གློག་གཏོང་ཆོག་འཐུས་ལག་ཁྱེར་ཐོ་ཁུངས་ནས་བསུབས་ཏེ་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་རྒྱུ་དེ་ཡིན།
     རླུང་གློག་ར་བའི་སྒྱུར་བཀོད་རིམ་སྤོར་ཁྲོད་ཀྱི་སྙིགས་རོར་དམིགས་ནས། 《བྱེད་ཐབས》ནང་བཏོན་དོན། གློག་གཏོང་ཁེ་ལས་དང་། སྒྲིག་ཆས་བཟོ་སྐྲུན་ཁེ་ལས། ཚན་ཞིབ་སྒྲིག་གཞི་སོགས་འབྲེལ་ཡོད་ཚན་པར་རླུང་གློག་ར་བའི་བེད་མེད་ཀྱི་དངོས་པོ་རྒྱུན་འཁོར་བེད་སྤྱོད་ཐུབ་མིན་ལ་ཞིབ་འཇུག་བྱེད་པ་དང་། རླུང་གློག་རྒྱུན་འཁོར་བེད་སྤྱོད་ཀྱི་ཐོན་ལས་འཁོར་འབྲེལ་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རླུང་གློག་ཐོན་ལས་ཀྱི་རྒྱུན་འཁོར་བེད་སྤྱོད་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད།