གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་14ཉིན། 16:05】 (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁོངས་སུ་གནས་པའི་རྩེ་དྲུག་རི་འདེབས་ན་ཆགས་ཡོད་པའི་རྩེ་དྲུག་དགོན་ནི་ད་ཐེངས་“གནའ་བོའི་ཞང་ཞུང་རིག་གནས་ཤུལ་བཞག་བརྟག་དཔྱད་དང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ཞིབ་འཇུག་རྣམ་གྲངས”ཀྱི་མཉམ་འབྲེལ་ལག་བསྟར་ཚན་པ་ཞིག་ཡིན་པ་དང་། ལོ་མང་རིང་ཞང་ཞུང་རིག་གནས་ཀྱི་གནའ་དཔེ་རྒྱུན་ཆད་མེད་པར་ཉར་ཚགས་དང་རྒྱུན་འཛིན་བྱས་ཡོད།
2023ལོའི་“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”(ཟླ་6ཚེས་10ཉིན)ཡི་སྔོན་ཚུད་དུ་རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་ཞུགས་ལག་བསྟར་བྱེད་པའི“གནའ་བོའི་ཞང་ཞུང་རིག་གནས་ཤུལ་བཞག་བརྟག་དཔྱད་དང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ཞིབ་འཇུག་རྣམ་གྲངས”དེ་བོད་རང་སྐྱོང་ལྗོངས་སྟེང་ཆེན་རྫོང་རྩེ་དྲུག་རི་བོར་འགོ་ཚུགས་པ་རེད།
གནའ་བོའི་ཞང་ཞུང་རིག་གནས་ནི་རང་རྒྱལ་རང་ས་ནས་ཆགས་པའི་མི་རིགས་ཀྱི་རྒྱབ་ལྗོངས་ལས་བརྒལ་བའི་གནའ་བོའི་ཤེས་རིག་ཞིག་དང་། བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཞིག ཀྲུང་ཧྭའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་བཅས་རེད། གནའ་བོའི་ཞང་ཞུང་རིག་གནས་ཀྱི་སྙིང་བཅུད་དེ་པོད་178ཡོད་པའི་《བོན་གྱི་བཀའ་འགྱུར་ཆེན་མོའི》ནང་བཀོད་ཡོད་ཅིང་། འདི་ནི་བོད་མི་རིགས་དང་མི་རིགས་གཞན་གྱི་རིག་གནས་མཉམ་འདྲེས་བྱེད་པའི་བློ་རིག་གི་སྙིང་བཅུད་རེད་ལ་ཁྱོན་ཡོངས་ནས་བོད་མི་རིགས་ཀྱི་རིག་གནས་ཀུན་མངོན་པའི་ཤེས་བྱ་ཀུན་བཏུས་ཤིག་ཀྱང་རེད། ནང་དོན་ཐད་ཆོས་ལུགས་དང་། མཚན་ཉིད་རིག་པ། རྩོམ་རིག སྒྱུ་རྩལ། གསོ་རིག དམངས་སྲོལ་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།
ཐེངས་འདིའི་ཞིབ་འཇུག་གི་རྣམ་གྲངས་ནི“བོན་གྱི་བཀའ་འགྱུར་ཆེན་མོའི་རྒྱ་འགྱུར་དང་ཞིབ་འཇུག”གི་རྣམ་གྲངས་དེ་2022ལོར་མཇུག་འགྲིལ་རྗེས་མུ་མཐུད་དུ་“ཀྲུང་ཧྭའི་གནའ་དཔེ་སྲུང་སྐྱོང་འཆར་གཞི”གཞིར་བཟུང་གནའ་བོའི་ཞང་ཞུང་རིག་གནས་ཤུལ་བཞག་ལ་སླར་ཡང་རྒྱུས་ལོན་བྱེད་པ་ཞིག་དང་། སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུ་གལ་ཆེན་འཛིན་པ། ཞིབ་འཇུག་བྱ་གཞིའི་ཞིབ་འཇུག་དང་གྲུབ་འབྲས་གཞན་སྒྱུར་ཟུང་འབྲེལ་བྱས་པའི་ཐོག་ནས་གནའ་བོའི་ཞང་ཞུང་གི་གནའ་དཔེའི་རིག་དངོས་དང་། ཡིག་ཚགས། སྒྱུ་རྩལ་རིན་ཐང་བཅས་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱས་པ་ཞིག་རེད། (བསོད་ནམས་དབང་འདུས་ཀྱིས་སྒྱུར། བློ་བསྟན་གྱིས་ཞུས)
【1】
【2】
【3】
【4】