འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་ལད་ཟློས་མ་བྱེད་ཅེས་བརྗོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་12ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ཉིན། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་མགྲིན་ཚབ་པས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁེ་ཡིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནོར་འཁྲུལ་གྱི་གཏམ་བརྗོད་སྤེལ་བའི་ཐད། གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་8ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁེ་ཡིས་ཨ་རིར་འཚམས་འདྲི་བྱེད་སྐབས། ཀྲུང་གོ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱིས་ཤེས་བྱའི་བདག་དབང་རྐུ་རྒྱག་པ་དང་། ལག་རྩལ་གང་བྱུང་དུ་སྤྱོད་པ། འགག་རྩའི་ཐོན་ཁུངས་སྟངས་འཛིན་བྱེད་པ་བརྗོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
   དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་མགྲིན་ཚབ་པས། དབྱིན་ཇི་ཕྱོགས་ཀྱི་གོང་གསལ་གྱི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གཏམ་བཤད་དེ་ནི་ཁུངས་མེད་གཏམ་འཆལ་དང་།  ངན་སེམས་ཁོག་བཅུག་གིས་དམའ་འབེབས་བཏང་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་དེ་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། 
མགྲིན་ཚབ་པས། ཀྲུང་གོ་ནི་འཛམ་གླིང་གི་ཤེས་བྱའི་བདག་དབང་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ།  ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱ་རྒྱུར་ཡང་གཞོལ་ཡོད། 《འཛམ་གླིང་གི་ཤེས་བྱའི་བདག་དབང་དམིགས་ཚད》ཀྱི་སྙན་ཞུ་ལས་མངོན་པར། 2021ལོར་ཀྲུང་གོའི་ནུས་ལྡན་གྱི་ཆེད་ཁེའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། གསར་གཏོད་དང་ཤེས་བྱའི་ཐོན་དབང་ནི་དབྱིན་ཇི་དང་ཨ་རི་གཅིག་པུའི“ཆེད་ཁེ་”ཞིག་གཏན་ནས་མིན། ཤེས་བྱའི་ཐོན་དབང་སྤྱོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གཅིག་གིས་ཁེར་རྐྱང་དུ་ལོངས་སྤྱོད་བྱེད་པའི་དབང་ཆ་ཞིག་གཏན་ནས་མིན། གསར་གཏོད་དང་ཤེས་བྱའི་ཐོན་དབང་གིས་མིའི་རིགས་ཡོངས་ཀྱི་ཡར་རྒྱས་དང་བདེ་སྐྱིད་ལ་ཞབས་འདེགས་ཞུ་དགོས་པ་ལས་རྒྱལ་ཁབ་རེ་ཟུང་གིས་རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་ལ་གནོན་ཤུགས་བཟོ་བའི་ལག་ཆར་འགྱུར་མི་རུང་བརྗོད། 
    མགྲིན་ཚབ་པས། ཀྲུང་གོས“ལག་རྩལ་གང་བྱུང་དུ་སྤྱོད་པ”རེད་ཅེས་སྐྱོན་འཛུགས་བྱས་པ་དེ་ནི་དེ་བས་ནོར་བ་ཞིག་རེད། དེ་ནི་ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་བདེ་འཇགས་ཀྱི་དོན་སྤྱི་རྒྱུན་ཆད་མེད་པར་ཁྱབ་འགྱུར་བྱས་ནས། ཚན་རྩལ་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་འགྱུར་བ་བྱས་ཏེ། ཁུངས་ལུང་མེད་པའི་སྒོ་ནས་རྒྱལ་ཁབ་གཞན་གྱི་ཚན་རྩལ་འཕེལ་རྒྱས་གནོན་ཐབས་བྱས་པ་ཞིག་རེད།
    མགྲིན་ཚབ་པས། ཀྲུང་གོས“འགག་རྩའི་ཐོན་ཁུངས་ཁ་ལོ་བསྒྱུར་བའི”གཏམ་བཤད་སྤེལ་བ་དེ་ནི་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་བཀག་འགོག་བྱེད་པ་ཞིག་ཡིན་པས། རྦད་དེ་ཆབ་སྲིད་ཀྱི་གཡོ་སྒྱུར་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་། གཉིས་ཕན། གཉིས་ཁེ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་མངའ་ཁོངས་ཕྱིའི་ཐོན་ཁུངས་མཉམ་ལས་བྱས་ཏེ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡོད། ཀྲུང་གོ་ནི་རྒྱལ་ཁབ་140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོ་རེད།
    མགྲིན་ཚབ་པས་ནན་བཤད་བྱས་དོན། ང་ཚོས་དབྱིན་ཇིའི་སྲིད་ཚོང་བས་དོན་དངོས་ལ་བརྩི་འཇོག་བྱེད་དགོས་པ་ལས། ནེ་ཙོ་ལྟར་ལད་ཟློས་བྱེད་མི་རུང་བ་དང་། རྟག་པར་གང་ཡིན་ཡིན་ཀྲུང་གོ་དང་འབྲེལ་བ་མ་བྱེད། དེ་ལྟར་བཤད་ན་རང་ཉིད་ལ་གནོད་པ་ཙམ་ལས་མདུན་ལམ་མེད།