འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ཕྲག་ཏུ་འཁུར་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
     “རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་བ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་ཧུར་ཐག་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས”ཞེས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་གསལ་བཤད་གཏིང་ཟབ་གནང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ཧུར་ཐག་བྱེད་པར་བླང་བྱ་ཁ་གསལ་བཏོན་གནང་བས། དེས་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ཡག་པོ་འཁུར་བ་དང་། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
     ཁོང་གིས“ལོ་རྒྱུས་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་དང་མི་རིགས་རིག་གནས་ཀྱི་ཁྲག་རྒྱུན་བསྐྱངས་ནས་གསར་སྤེལ་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། ང་ཚོས་གཞི་ནས་དེང་གི་བྱ་གཞག་ཡག་པོ་སྒྲུབ་ཐུབ”ཅེས་ནན་བཤད་གནང་བ་དང་། “རྒྱལ་ཁབ་ཅིག་དང་མི་རིགས་ཤིག་སྟོབས་འབྱོར་ལྡན་དགོས་ཚེ་ནམ་ཡང་རིག་གནས་དར་རྒྱས་ཀྱིས་འདེགས་སྐྱོར་བྱེད་དགོས་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཆ་རྐྱེན་དུ་བྱེད་དགོས”ཞེས་གསུངས་པ། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུ་མཐའ་འཁྱོངས་བྱས་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས”ཞེས་བསྟན་གནང་བ་ལ་སོགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་ལུགས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ལས་དོན་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས། རང་རྒྱལ་གྱི་རིག་གནས་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཁྱབ་ཁོངས་ནང་གི་བསམ་བློ་དང་རིག་གནས་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་བསམ་བློ་དང་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་འཕེལ་ཕྱོགས་སྟངས་འཛིན་ཡང་དག་གནང་སྟེ། རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་དེ་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་བྱས་པའི་ལག་ལེན་དངོས་ཀྱི་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་དང་། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ང་ཚོས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོ་བ་ཞིག་ཡིན་པའི་གདེང་ཚོད་དང་སྤོབས་སེམས་ཆེ་རུ་གཏོང་དགོས” དེང་གི་འཛམ་གླིང་དུ་སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་བཅས་ལ་གདེང་ཚོད་ཆེན་པོ་ཡོད་ལུགས་གླེང་ཚེ། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་གདེང་ཚོད་ཆེ་ཤོས་ཡོད། སྤྱི་ལེ་ངོས་གྲུ་ཁྲི་960ལྷག་ཙམ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ཡུན་རིང་བྱས་ནས་བསགས་པའི་རིག་གནས་ཀྱི་འཚོ་བཅུད་ལེན་རྒྱུ་ཡོད་པ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། ང་ཚོས་རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པར། གར་སྟེགས་ཧ་ཅང་ཆེན་པོ་དང་། ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ། མདུན་སྐྱོད་ཀྱི་ངེས་ཤུགས་ཧ་ཅང་ཆེ་བ་བཅས་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། “ཀྲུང་ཧྭའི་ཤེས་དཔལ་གནའ་སྔ་མོ་ནས་བཟུང་སྒོ་དབྱེ་ཁོང་ཡངས་ཀྱི་ཐོག་ནས་འཛམ་གླིང་དུ་སྐད་གྲགས་ཆོད་པ་དང་ཤེས་དཔལ་གཞན་དག་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་ཟམ་མི་ཆད་པར་གསོན་ཤུགས་གསར་པ་འཕེལ་ཡོད” ཀྲུང་ཧྭའི་ཤེས་དཔལ་དེ་ཉིད་ཡུན་རིང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བཏོད་ཡོད་པ་མ་ཟད། ཀུན་གྱི་ལེགས་ཆ་བསྡུས་པའི་རིག་གནས་ཀྱི་གདེང་ཚོད་ཀྱང་བཏོད་ཡོད། ཀྲུང་ཧྭའི་རིག་གནས་ནི་ལོ་རྒྱུས་དང་དེང་རབས་ཀྱི་རིག་གནས་ཡིན་ལ། མི་རིགས་དང་འཛམ་གླིང་གི་རིག་གནས་ཀྱང་ཡིན། ད་ཆ་ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་པར། བློ་རྒྱ་སྔར་ལས་ཆེ་བ་དང་དེ་བས་རྒྱ་ཁྱབ་ངང་རྒྱལ་ཁབ་ཁག་དང་རིག་གནས་སྤེལ་རེས་བྱས་ཏེ། འཛམ་གླིང་གི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་མཐའ་དག་ལ་རང་འགུལ་ངང་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས།
     “དྲང་སྲུང་བྱས་ཚེ་གཞི་ནས་ཁ་ཕྱོགས་མི་འཛོལ་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་ཐོན་པ་དང་། གསར་གཏོད་བྱས་ཚེ་གཞི་ནས་དུས་རབས་སྟངས་འཛིན་དང་དུས་རབས་ལ་སྣེ་ཁྲིད་བྱེད་ཐུབ” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཤེས་དཔལ་གང་ཞིག་ཡིན་རུང་ཚང་མས་རྒྱལ་ཁབ་དང་མི་རིགས་ཤིག་གི་བསམ་པའི་ཁྲག་རྒྱུན་སྐྱོང་གི་ཡོད་པས། གཅིག་རྒྱུན་གཅིག་འཛིན་དང་མི་རབས་ནས་མི་རབས་བར་སྲུང་སྐྱོང་བྱེད་དགོས་ལ་དེ་བས་དུས་བསྟུན་འཕེལ་རྒྱས་དང་གསར་གཏོད་ཕོད་པ་བྱེད་དགོས” དུས་རབས་གསར་པ་ཤར་ཚུན། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གཞན་སྒྱུར་དང་འཕེལ་རྒྱས་བཏང་ཡོད།
     ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་དར་རྒྱས་མེད་ཚེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་རིག་གནས་བཏོད་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱིས་ཀྱང་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད”ཅེས་བསྟན་གནང་ཡོད། འབད་འཐབ་ཀྱི་རྒྱང་ལམ་གསར་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། རིག་གནས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། རིག་གནས་ལ་བརྟེན་ནས་ལས་རིགས་དར་རྒྱས་གཏོང་བ། རིག་གནས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། རིག་གནས་ལ་བརྟེན་ནས་བློ་སྦྱོང་བ། རིག་གནས་ལ་བརྟེན་ནས་སེམས་པ་སྐྱེད་པ། རང་རྟོན་རང་དར་གྱི་བསམ་པའི་སྟོབས་ཤུགས་སྤེལ་བ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དེ་བས་ཧུར་ཐག་མཚོན་པ་བཅས་བྱས་ཚེ། ང་ཚོས་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ལེགས་པའི་སྒོ་ནས་འཁུར་ཐུབ་ངེས་ཡིན་པ་དང་། འབད་བརྩོན་ལྷོད་མེད་དང་སྤྱོད་བཟང་ཐེག་ཆེའི་རིག་གནས་གསར་གཏོད་ལ་བརྟེན་ནས་ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་པ་གཏོད་ཐུབ་པ་དང་། རིག་གནས་དར་རྒྱས་གོང་འཕེལ་ཁྲོད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་ངེས་རེད།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
     (ལྷག་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)