འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཐེ་ཀུ་ཞི་ཀར་ཕར་གྲགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ཡན། ཝུའུ་ཧའོ། ཁྲེན་ཧའོ་ཆོན།
    ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་གྱི་སྔ་དྲོར། ཧོང་ཏུ་ར་སིའི་རྒྱལ་ས་ཐེ་ཀུ་ཞི་ཀར་ཕའི་གྲོང་ཁྱེར་ལྟེ་གནས་ཀྱི་ཚོགས་ཁང་ཞིག་ཏུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཀྲུང་ཕྱིའི་མི་སྣ་200ཙམ་མཉམ་དུ་འཛོམས་ནས་ཧོང་ཏུ་ར་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་སྒོ་འབྱེད་པའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད། ཆུ་ཚོད་11དང་སྐར་མ་30ཙམ་ལ་ཚང་མ་གུས་སྟབས་ཀྱིས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་ཧོང་ཏུ་ར་སིའི་རྒྱལ་གླུ་བླངས་པ་རེད།
     དེ་རྗེས་ཧོང་ཏུ་ར་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཡུས་པོ་ཀྲུའུ་ཞི་སྡིངས་ཆའི་ཕྱོགས་སུ་བསྐྱོད་ནས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་ཀུན་གྱིས་ཁས་བླངས་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་། རྒྱལ་སྤྱིའི་བདེན་དོན། དུས་ཀྱི་འཁོར་ཕྱོགས། མི་སེམས་གཏད་ཕྱོགས་བཅས་རེད། ཧོང་ཏུ་ར་སི་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོང་རྒྱ་དང་ཆབ་སྲིད་ཀྱི་བློ་སྟོབས་བརྟན་པོར་བརྟེན་ནས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་པའི་ཇུས་ཐག་གལ་ཆེན་བཅད་དེ་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཨང་182པར་གྱུར་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
      ཟླ་3ཚེས་26ཉིན་ཀྲུང་གོ་དང་ཧོང་ཏུ་ར་སིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་པའི་མཉམ་འབྲེལ་སྤྱི་བསྒྲགས》ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་གཉིས་པོས་སྤྱི་བསྒྲགས་ལ་མིང་རྟགས་བཀོད་ཉིན་ནས་བཟུང་ཕན་ཚུན་ཁས་ལེན་དང་སྦྲགས། གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་འཛུགས་པའི་གཏན་འབེབས་བྱས་པ་རེད།
     ཡུས་པོས་ཤིས་ཚིག་བསྒྲོན་རྗེས། ཧོང་ཏུ་ར་སི་ཕྱི་འབྲེལ་པུའི་པུའུ་ཀྲང་ལེ་ནཱ་ཀྲུའུ་ཞི་སྡིངས་ཆར་བསྐྱོད་པ་དང་། ཁོང་གིས་སྐད་གསང་མཐོན་པོས་ཧོང་ཏུ་ར་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་སྒོ་ཕྱེ་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཧོང་ཏུ་ར་སི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་པ་ནི་ཧོང་ཏུ་ར་སི་ཕྱོགས་ཀྱིས་རང་བཙན་རང་བདག་གི་སྒོ་ནས་ཐག་བཅད་པ་ཞིག་ཡིན་པ་དང་། དེ་ཧོང་ཏུ་ར་སི་ཕྱོགས་ཀྱིས་སྣ་མང་ཅན་གྱི་རྒྱལ་སྤྱིའི་འབྲེལ་བ་འཕེལ་རྒྱས་བཏང་ནས་འཛམ་གླིང་གི་གཙོ་རྒྱུན་གྱི་ནང་དུ་ཞུགས་པར་ཕན་ཐོགས་ཡོད། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་ཡི་ཡིན། རྒྱལ་ཁབ་གཉིས་པོས་ཚོང་དོན་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། དམངས་ཚོགས་ལ་བདེ་རྩ་་ཤུགས་ཆེན་བསྐྲུན་པ། སྤྱི་ཚོགས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
    ཕྱོགས་གཉིས་པོས་ཤིས་ཚིག་བསྒྲོན་རྗེས། ཡུས་པོ་དང་ལེ་ནཱ་ཀྲུའུ་ཞི་སྡིངས་ཆའི་གཞོགས་གཞན་ཞིག་ཏུ་བསྐྱོད་དེ་ཐུན་མོང་ཐོག་གཞུང་ཚབ་ཁང་གི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་རེད།
     སྒོ་བྱང་གི་ཡོལ་ཁེབས་ཕྱེ་རྗེས། ལེ་ནཱས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ནི་དྲན་གསོ་བྱེད་རིན་ཡོད་པའི་དུས་ཤིག་རེད། ཧོང་ཏུ་ར་སིའི་ད་ལྟའི་སྲིད་གཞུང་གིས་སྲིད་འཛིན་བྱས་ཚུན་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་རྒྱུར་གཞོལ་ཡོད། འདི་ལོའི་ལོ་འགོར་ཧོང་ཏུ་ར་སི་སྲིད་གཞུང་གིས་ཀྲུང་གོ་དང་ཕྱི་འབྲེལ་གང་མགྱོགས་འཛུགས་རྒྱུའི་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད་ཅེས་བརྗོད་པ་རེད།
      ཧོང་ཏུ་ར་སིའི་ཙུང་ཐུང་ལས་ཤག་གི་ལས་དོན་པུའི་པུའུ་ཀྲང་ལུའུ་ཏའོ་ཧྥུའུ·ཕ་སི་ཐུར་གྱིས། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་ནི་ལོ་རྒྱུས་ཀྱི་གདམ་ག་ཡང་དག་ཅིག་རེད་ཅེས་བརྗོད། ཁོང་གིས་ཀྲུང་གོའི་འགོ་ཁྲིད་མི་སྣས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ དེ་བཞིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་ཚད་མཐོའི་ཁས་ཆེན་པོ་བླངས་པ་དང་འབྲེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཧོང་ཏུ་ར་སི་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་པ་རེད།
     གསར་འགོད་པར་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་བར། ད་དུང་ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་དང་རིམ་པ་མི་འདྲ་བའི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཅིང་། ཞིང་ཆུ་འདྲེན་པ་དང་ས་བོན་འདེབས་རྩལ་དང་། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ལས་མི་གསོ་སྦྱོང་། གློག་ཤུགས་སྒྲིག་བཀོད་འཐུས་ཚང་། འགྲོ་ལམ་འཛུགས་སྐྲུན་ཉམས་གསོ། སྨྱན་སྦྱོར་གྱི་སྤེལ་རེས། རང་མོས་ཚོང་དོན་ཁུལ་དང་དཔྱ་ཁྲལ་རྩ་ཆག་ཁུལ་སོགས་ཁྱབ་ཁོངས་སུ་ཕྱོགས་གཉིས་པོར་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་པའི་ངོས་འཛིན་བྱས་པ་དང་འབྲེལ། ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།