འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སུའེ་ཙེར་གྱི་ཚོང་དོན་ལས་རིགས་ཀྱིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་འཕེལ་རྒྱས་ཀྱི་མི་མངོན་པའི་
སྟོབས་ཤུགས་ལ་ལྟ་སྟངས་ཡག་པོ་འཛིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཉིན་ཤས་གོང་སུའེ་ཙེར་གྱི་སུའུ་ལི་ཧྲི་རུ་འཚོགས་པ་རེད། སུའེ་ཙེར་གྱི་ཚོང་དོན་ལས་རིགས་ཀྱི་མི་མང་པོས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གནས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་པས་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ལྡན་ཡོད་ཅེས་བརྗོད།
    ཤན་ཀྲེང་ཏ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཨའེ་ལི་ཁེ·ཧྥེ་ཝར་གྱིས་འོས་སྦྱོར་ཚོགས་འདུར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་བྱང་ཚད་མཐོ་བའི་ཤེས་ལྡན་པ་འབོར་ཆེན་ཡོད་པ་དང་ཁེ་ལས་ཀྱིས་དེ་གར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལོངས་སྤྱོད་གང་ལེགས་བྱ་ཆོག་པས་ཤན་ཀྲེང་ཏ་ཡིས་ཧའེ་ནན་སན་ཡའི་ས་བོན་ལས་སྒོའི་ཞིབ་འཇུག་གསར་སྤེལ་རྟེན་གཞིར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅེས་བརྗོད།
    ཏེ་ཆིན་སུའེ་ཙེར་གཞུང་དོན་ཁང་གི་རྒྱལ་སྤྱིའི་ཁྲལ་དོན་མཉམ་ལས་རོགས་ཟླ་མར་ཏིང·ཁེ་ལི་ཝུན་སི་གཱ་སིས། རྒྱལ་སྒྲོལ་ཁེ་ལས་ཀྱིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་ས་ཁུལ་གཞུང་དོན་ཁང་དང་། ས་ཁོངས་ཉོ་ཚོང་ལྟེ་གནས། ཐོན་སྐྱེད་རྟེན་གཞི་སོགས་བཙུགས་ན་ཁྲལ་ཚད་དམའ་བའི་འགྲན་རྩོད་ཀྱི་ལེགས་ཆ་ལོངས་སྤྱོད་བྱ་ཆོག་པ་མ་ཟད། དེ་མཚུངས་ཀྱི་ཆ་རྐྱེན་དང་མཐུན་སྐབས་སྒོ་ཁྲལ་མི་དགོས་པ་ལས་བྱུང་བའི་ཁེ་སྤོགས་ཀྱང་ལོངས་སྤྱོད་བྱ་ཆོག་ཅེས་བརྗོད།
     ནོར་ཧྭ་ཚོགས་པའི་གཞི་རྒྱུ་གསོ་ཐབས་ཀྱི་རྒྱལ་སྤྱིའི་ཚོགས་པའི་འགན་ཁུར་བ་ཡཱ་ལི་ཧྲན་ཏེ་ལོ·ཆི་ལིན་ཆའོ་ནེ་ཡིས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། ཁོང་གིས་སུའེ་ཙེར་དང་ཀྲུང་གོའི་དབར་བདེ་ཐང་སྨན་བཅོས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བརྗོད།
     སུའེ་ཀྲུང་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཐོ་མར་སི་·ཝ་ཀེ་ནཱ་ཡིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་བ་དང་སྲིད་ཇུས་ཀྱི་ལེགས་ཆ་དང་མ་དངུལ་གྱི་མདུན་ལམ་ཐད་ནས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅེས་བརྗོད།
     སུའེ་ཙེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཧྲི་ཐིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་དང་གསོན་ཤུགས་དེ་བས་མང་བ་སྣོན་པ་དང་། སུའེ་ཙེར་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཁྲོམ་ར་དང་། མ་དངུལ། འཕར་བ་བཅས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་རེད་ཅེས་བརྗོད།
     ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ནི་ཧའེ་ནན་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། སུའེ་ཙེར་དང་ཀྲུང་གོའི་སྲིད་ཕྱོགས་དང་ཚོང་དོན་ལས་རིགས་ཀྱི་འཐུས་མི་200ཙམ་ཚོགས་འདུར་ཞུགས་ཡོད།