འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་རྔ་པར་ཆའང་རིགས་འཚེམ་དྲུབ་ཀྱིས་འཚོ་བར་མཛེས་རྒྱན་སྤྲས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁའེ་ཤོན།
    སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་དུ་དགུ་བཅུ་ནང་སྐྱེས་ཀྱི་ཆའང་རིགས་འཚེམ་དྲུབ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཀྲང་ཅུས་གཡོད་ཀྱིས་ཁབ་སྐུད་ལ་བརྟེན་ནས་རས་ལྷེབ་སྟེང་མཚར་སྡུག་རྣམ་པར་བཀྲ་བའི་ལུག་རྭ་མེ་ཏོག་འཚེམ་བཞིན་ཡོད།
     ཀྲང་ཅུས་གཡོད་ཀྱི་དྲན་ཤེས་ནང་2008ལོར་ཁོ་མོ་ཆའང་རིགས་འཚེམ་དྲུབ་སྦྱོང་འདོད་ཀྱི་བློ་སྐྱེས་པ་དང་། ལོ་དེར་ཆའང་རིགས་འཚེམ་དྲུབ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བཅུག་ནས་སྲུང་སྐྱོང་རྒྱུན་འཛིན་ལས་དོན་འཕྲལ་དུ་སྤེལ་ཡོད། སློབ་གྲྭ་འགྲིམ་བཞིན་པའི་ཁོ་མོར་སེམས་འགུལ་ཆེན་པོ་ཐེབས་ནས“སྲོལ་རྒྱུན་རིག་གནས་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་འདོད་འདུག”ཅེས་བཤད།
     2013ལོར་སློབ་ཆེན་ཐོན་རྗེས་ཀྲང་ཅུས་གཡོད་ཕ་ཡུལ་ལི་རྫོང་དུ་ལོག་ནས་ཆའང་རིགས་འཚེམ་དྲུབ་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ལི་ཤིང་ཤིའུ་ཡིས་གཉེར་བའི་འཚེམ་དྲུབ་གསོ་སྦྱོང་འཛིན་གྲྭར་ཞུགས་པས་ཁོ་མོ་འཚེམ་དྲུབ་ལག་རྩལ་སྦྱོང་མཁན་སློབ་ཆེན་སློབ་མ་འབའ་ཞིག་དེར་གྱུར་ཡོད།
     ཆའང་རིགས་འཚེམ་དྲུབ་རྒྱག་སྟངས་ཕུན་སུམ་ཚོགས་ཤིང་། རྒྱུན་སྤྱོད་ཀྱི་འཚེམ་སྟངས་རིགས་20ལྷག་ཡོད་པ་མ་ཟད། རི་མོ་ཡང་རྙོག་འཛིང་ཆེ་བ་དང་ད་དུང་ཆའང་རིགས་ཀྱི་གྲོང་སྡེ་ཁག་ལ་རང་སོ་སོའི་ཁྱད་ཆོས་མི་འདྲ་བ་ཡོད། ཆའང་རིགས་འཚེམ་དྲུབ་ཀྱི་རྨང་གཞིའི་ལག་རྩལ་དག་ཤེས་རྗེས་ཀྲང་ཅུས་གཡོད་ཀྱིས་ཉེ་འགྲམ་གྱི་ཆའང་རིགས་གྲོང་སྡེར་ལག་རྩལ་སྦྱོངས་བར་བསྐྱོད། སྐབས་དེ་དུས་འཚེམ་དྲུབ་སྦྱོང་བར་ཡོང་མཁན་གཞོན་ནུ་ཧ་ལམ་མེད་སྟབས། འཚེམ་དྲུབ་དགེ་རྒན་ཚོས་ཁོ་མོར་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པ་དང་འབྲེལ་འཚེམ་དྲུབ་ཀྱི་ཤེས་བྱ་མང་པོ་བསླབས།
     ཇི་ལྟར་བྱས་ནས་ཆའང་རིགས་འཚེམ་དྲུབ་རྒྱུན་འཛིན་ཡག་པོ་བྱེད་དགོས་སམ། ཀྲང་ཅུས་གཡོད་ཀྱིས་དེའི་ཐད་བསམ་གཞིག་མང་པོ་བྱེད་ཀྱི་ཡོད།
    “རྦད་དེ་གྲོང་ཚོའི་ནང་མགོ་འཁོར་ནས་བསྡད་ཚེ། ཆའང་རིགས་འཚེམ་དྲུབ་དེ་དེང་རབས་ཀྱི་འཚོ་བ་དང་བར་ཐག་ཇེ་རིང་དུ་འགྲོ་སྲིད། ཆའང་རིགས་འཚེམ་དྲུབ་དེ་གཙོ་བོ་གྱོན་ཆས་གཞི་རྟེན་དུ་བྱེད་པ་དང་ཐོན་རྫས་ཀྱང་རང་ཉིད་ཀྱིས་སྤྱོད་ཀྱི་ཡོད་པས། ཁྲོམ་རའི་དར་ཁྱབ་ཆེ་བའི་སྒྱུ་རྩལ་ཉམས་འགྱུར་དང་བར་ཐག་རིང་ལ་རྒྱུན་འཛིན་གྱི་ཐབས་ལམ་ཡང་བལྟོས་བཅས་ཀྱིས་ཉུང་བ་ཡོད”ཅེས་ཀྲང་ཅུས་གཡོད་ཀྱིས་བཤད།
     དེས་ན་ཀྲང་ཅུས་གཡོད་ཀྱིས་རྣམ་པ་གཞན་གྱི་ཐོག་ནས་ཆའང་རིགས་འཚེམ་དྲུབ་འཕེལ་རྒྱས་གཏོང་རྒྱུའི་བསམ་བློ་འཁོར། 2014ལོར་ཁོང་གིས་ལི་རྫོང་དགའ་སྐྱིད་བོད་རིགས་ཆའང་རིགས་འཚེམ་དྲུབ་ཆེད་ལས་མཉམ་ལས་ཁང་བཙུགས་ནས་སྲོལ་རྒྱུན་གྱི་ཆའང་རིགས་འཚེམ་དྲུབ་དེ་ཐོན་རྫས་དེ་བས་མང་བའི་ཐོག་བརྒྱབ་ཅིང་། སྔས་མགོའི་ཐོག་རབ་ཏུ་གསལ་བའི་རི་མོ་བརྒྱབ་པ་དང་། ལུང་ཤུར་དུ་སྐྱེས་པའི་འདབ་བརྒྱད་ལུག་མིག་དང་སེ་འབྲུ་མེ་ཏོག་སོགས་ཀྱི་རི་མོ་རྒྱན་ཆའི་ཐོག་བརྒྱབ་པས་མངགས་ཐོ་ཡང་གཅིག་རྗེས་གཉིས་མཐུད་ངང་མང་དུ་སོང་ནས་ཕན་འབྲས་རགས་ཙམ་ཐོན་ཡོད།
    གོམ་སྟབས་དང་འདུ་ཤེས་གཅིག་མཚུངས་ཡིན་པས་ཀྲང་ཅུས་གཡོད་ཀྱིས་སི་ཁྲོན་ནས་བྲལ་ཏེ་ཕྱི་རོལ་གྱི་འཇིག་རྟེན་དུ་ལས་གཏོད་བྱ་རྒྱུའི་ཐག་བཅད།
     གོ་སྐབས་ཀྱང་དེ་མ་ཉིད་དུ་ཐོབ་ཅིང་། ཧྲང་ཧའེ་རུ་འབྱོར་ནས་མཐོ་སློབ་དང་མཉམ་དུ་ཆའང་རིགས་འཚེམ་དྲུབ་ཀྱི་སྲོལ་རྒྱུན་རི་མོ་ལེགས་སྒྲིག་དང་སྤེལ་རེས་བྱེད་སྐབས། ཧྲང་ཧའེ་མཛེས་རྩལ་སློབ་གླིང་གི་དགེ་རྒན་གྱི་འབྲེལ་མཐུད་འོག་ཁོ་མོར་གྱོན་ཆས་ཇུས་འགོད་མཁས་ཅན་དང་མཉམ་དུ་ཆའང་རིགས་འཚེམ་དྲུབ་ཀྱི་གྱོན་གོས་བཟོ་བའི་གོ་སྐབས་ཐོབ་ཡོད།
     ཧྲང་ཧའེ་རུ་ཀྲང་ཅུས་གཡོད་ཀྱིས་ད་དུང་གདན་ཞུས་ལྟར་སློབ་ཆེན་སློབ་མར་འཆད་ཁྲིད་བྱས་པ་རེད། “ངས་ཁབ་སྐུད་ཀྱི་ལག་ཤེས་ཕྲན་ཙམ་ལས་ཤེས་ཀྱི་མེད་པས་སྒྱུ་རྩལ་ཞིབ་འཇུག་བྱེད་མཁན་སློབ་མར་སློབ་ཚན་ཁྲིད་ག་ལ་ཐུབ”ཅེས་བཤད། བཤད་སྟེགས་ཐོག་ལངས་སྐབས་ཁོ་མོ་དངངས་སྐྲག་ཆེན་པོ་སྐྱེས་ཀྱང་སློབ་མ་ཚོས་ཉན་འདོད་ཆེན་པོ་བྱས་པ་མ་ཟད། ད་དུང་ལག་པ་འགུལ་ནས་སྦྱོང་འདོད་ཀྱང་བྱེད་ཀྱི་ཡོད། སློབ་མ་ཚོའི་མིག་ཟུང་ལྟ་སྐབས། ཀྲང་ཅུས་གཡོད་ཀྱི་སེམས་ནང་ཆའང་རིགས་འཚེམ་དྲུབ་དེ་སློབ་གྲྭའི་ནང་དར་སྤེལ་གཏོང་འདོད་ཀྱི་བསམ་བློ་འཁོར།
     མཐོ་སློབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་གསོ་སྦྱོང་རྣམ་གྲངས་ལ་བརྟེན་ནས་ཀྲང་ཅུས་གཡོད་་སློབ་གྲྭ་མང་པོར་བསྐྱོད་པ་དང་། སྐབས་རེར་ཁོང་གིས་སློབ་གྲྭར་ཟླ་བ་གཅིག་ལྷག་ཙམ་བསྡད་ནས་སློབ་མར་ཆའང་རིགས་འཚེམ་དྲུབ་རྒྱག་སྟངས་སློབ་ཀྱི་ཡོད། སློབ་མ་ལ་ལས་ཆའང་རིགས་འཚེམ་དྲུབ་དེ་སློབ་ཐོན་གྱི་ཇུས་འགོད་བརྩམས་ཆོས་ལ་སྤྱད་པ་དང་། ལ་ལ་ལས་ཀར་ཞུགས་རྗེས་ཀྱང་ཀྲང་ཅུས་གཡོད་དང་འབྲེལ་བ་བྱས་ནས་ཆའང་རིགས་འཚེམ་དྲུབ་ཀྱི་ཐོན་རྫས་གསར་པ་བཟོ་བར་ཐབས་དང་ཇུས་འདོན་གྱི་ཡོད།
     ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཐུབ་པར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དེ་བས་ཡག་པོ་བྱེད་ཅིང་། ཀྲང་ཅུས་གཡོད་ཀྱིས་ལི་རྫོང་ཐའོ་ཕིང་ཆའང་རིགས་གྲོང་སྡེར་ཆའང་རིགས་འཚེམ་དྲུབ་རིག་གནས་ཁང་བཙུགས་ནས་སློབ་མ་ཚོའི་སྣེ་ཁྲིད་དེ་ཆའང་རིགས་འཚེམ་དྲུབ་ཀྱི་ལོ་རྒྱུས་དང་འབྱུང་འགྱུར་ཤེས་རྟོགས་ཐུབ་པར་བྱས་ཡོད། མཉམ་ལས་ཁང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་སྐབས་ཁོང་གིས་མཐོ་སློབ་ཀྱི་སྒྱུ་རྩལ་ལག་ལེན་སློབ་ཚན་ནང་ཞུགས་ནས་སློབ་མ་ཚོས་ཇུས་འགོད་བྱས་པའི་ཆའང་རིགས་འཚེམ་དྲུབ་བརྩམས་ཆོས་དེ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སུ་འགྱུར་རྒྱུའི་ཐག་བཅད་པ་རེད།
    “ཆའང་རིགས་འཚེམ་དྲུབ་རྟེན་མཛོད་ཁང་ཆུང་ངུ་ཞིག་བསྐྲུན་རྒྱུ་མ་ཟད། ད་དུང་ཆའང་རིགས་འཚེམ་དྲུབ་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཡང་གཉེར་རྒྱུ་ཡིན”ཞེས་དགའ་སྐྱིད་བོད་རིགས་ཆའང་རིགས་འཚེམ་དྲུབ་ཆེད་ལས་མཉམ་ལས་ཁང་དུ་ཀྲང་ཅུས་གཡོད་ཀྱིས་རྒྱུན་དུ་འཚེམ་དྲུབ་དགེ་རྒན་ཚོ་དང་མཉམ་དུ་བསྡད་ནས་ཕྱིན་ཆད་ཀྱི་འཆར་གཞི་ལྷུག་པོར་གླེང་།
     ལོ་60ལ་སླེབས་པའི་ཝང་སུའུ་ཧྭ་ཡིས་སེམས་རྩེ་གཅིག་ཏུ་ཉན་བཞིན་འདུག ཁོང་ནི་ཡུལ་དེ་གར་སྐད་གྲགས་ཆོད་པའི་འཚེམ་དྲུབ་དགེ་རྒན་ཞིག་ཡིན་ལ་མཉམ་ལས་ཁང་གི་ཁོངས་མི་སྔ་ཤོས་ཀྱང་ཡིན་པས། ཆའང་རིགས་འཚེམ་དྲུབ་ཀྱི་ལོ་ངོ་10ཡི་འགྱུར་ལྡོག་མཐའ་དག་དཔང་པོ་བྱས་ཡོད།
    2021ལོར། དགའ་སྐྱིད་བོད་རིགས་ཆའང་རིགས་འཚེམ་དྲུབ་ཆེད་ལས་མཉམ་ལས་ཁང་གི་འཚེམ་དྲུབ་དགེ་རྒན་རྣམས་གདན་ཞུས་ལྟར་ཧྲང་ཧའེ་དར་སོ་ཆེ་བའི་གྱོན་གོས་ངོམ་སྟོན་གཟའ་འཁོར་ལ་ཞུགས་ཤིང་། ཝང་སུའུ་ཧྭ་ཡིས་གཞོན་དུས་སུ་བཙེམས་པའི་གྱོན་གོས་གོན་ནས་གར་སྟེགས་སུ་ཐོག་མར་འཛེག་སྐབས། གློག་སྒྲོན་གྱི་འོད་སྣང་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་སྤྲོ་སྣང་ཆེན་པོ་འཕེལ་ཞིང་། “ལྟོས་དང་། ཆའང་རིགས་འཚེམ་དྲུབ་ཅི་འདྲའི་ལྟ་ན་སྡུག་པ་ཞིག་རེད་ཨང་།” འདྲ་པར་ལ་ལྟ་བཞིན་ཁོང་གི་ཞལ་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།
    མི་རིང་བའི་གོང་། ཀྲང་ཅུས་གཡོད་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི“རྒྱལ་ཡོངས་ན་གཞོན་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་རོགས་སྐྱོར་འཆར་གཞིའི”2023ལོ་འཁོར་གྱི་རོགས་སྐྱོར་བྱ་ཡུལ་ལ་བདམས་ཐོན་བྱུང་བས་ཁོང་གི་སེམས་ཤུགས་སྔར་བས་འཕེལ་ཞིང་། ཁོང་གིས་ཆའང་རིགས་འཚེམ་དྲུབ་དེ་ཉིད་ས་ཆ་མང་པོར་དར་བ་དང་མི་མང་པོའི་འཚོ་བའི་ནང་ཁྱབ་རྒྱུའི་རེ་བའང་བྱེད་ཀྱི་ཡོད་པ་རེད།