འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་6ཉིན་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་བ་དང་། ལྷ་སར་མཚོ་སྔོན་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཀང་གིས་གསུང་བཤད་གནང་བ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཕྱོགས་གཉིས་པོའི་ཚབ་ཞུས་ནས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་ཀྱང་བཀོད་གནང་བ་རེད།
    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ལྗོངས་དང་མཚོ་སྔོན་ནི་རི་ཆུ་སྦྲེལ་བ་དང་། མི་ཆོས་རིག་གནས་གཅིག་མཐུན། ས་ཐག་ཉེ་བ། ཡུལ་སྲོལ་གོམས་གཤིས་འདྲ་བས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་གསར་སྤེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཐུན་མོང་ཐོག་འཁུར་ཡོད། ཞིང་ལྗོངས་གཉིས་ཀྱིས་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཐུན་མོང་ཐོག་དམ་འཛིན་ཡག་པོ་བྱེད་པ། མཚོ་བོད་ས་མཐོའི་ཞིང་ཆེན་གྱི་མཉམ་འབྲེལ་ལས་ཀའི་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ། རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་སྟོན་མཉམ་སྐྲུན་ལས་དོན་སྤེལ་བ། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཚོམ་བུ་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐཱན་ཚད་སྙོམ་སྦྱོར་དང་ཐཱན་ཚད་མཐོ་ཤོས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང། ཁྱད་ལྡན་ལེགས་ཆའི་ཐོན་ལས་དར་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། “ས་གྲོལ་གླིང་ཁུལ”སྐྲུན་མགྱོགས་སུ་གཏོང་བ། བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་གི་གོང་འོག་སྦྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ། ཞིང་འབྲོག་ལས་དང་། བོད་ལུགས་གསོ་རིག ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཐོན་ཁུངས་མཉམ་སྤྱོད་དང་། སྒྲིག་བཀོད་མཉམ་སྐྲུན། གཙོ་རྒྱུ་མཉམ་སྤྱོད། ཐོན་ལས་མཉམ་སྐྱེད་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
    ཁྲེན་ཀང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་གནང་བ་དེ་ནི་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་རེད་ལ། མཚོ་སྔོན་ལས་དོན་གྱི་གཞི་འཛིན་ས་ཡང་རེད། བོད་ལྗོངས་དང་མཚོ་སྔོན་ས་མཐོར་མཉམ་དུ་གནས་པ་དང་། མཚོ་བོད་ས་མཐོའི་བྱེད་པོ་དང་སའི་གོ་ལའི་སྣེ་གསུམ་པའི་ལྟེ་བའི་ཁུལ་ཁོངས་མཉམ་དུ་གྲུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ལས་འགན་གལ་ཆེན་ཐུན་མོང་ཐོག་འཁུར་ཡོད་པས་ཕན་ཚུན་ཁ་འབྲལ་ཐབས་མེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་སྐུལ་སློང་བཀའ་རྒྱ་བཏང་བས། ཕྱོགས་གཉིས་པོས་དེ་སྔའི་རྨང་གཞི་དང་འགོ་འཛུགས་ས་གསར་པའི་ཐོག་ནས། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཚོམ་བུ་སྐྲུན་པར་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་ལམ་སྲོལ་དང་། ཕྱོགས་བསྡུས་ཚན་ཞིབ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་ཡག་པོ་གཏོད་པ་བཅས་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡག་པོ་སྲུང་དགོས་པའི་ཐུགས་རེ་གནང་བ་རེད།