འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨན་ཧུའེ་ཡིས་བརྡ་ཐོ་བཀྲམ་ནས་ལག་ཤེས་བཟོ་པའི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     འདི་ག་ཚགས་པར་ཁང་དུ་ཧོ་ཧྥེ་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨན་ཧུའེ་ཞིང་ཆེན་མི་སྤྱི་ཐིང་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས《ལག་ཤེས་བཟོ་པའི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་འགའ་ཞིག་བཀྲམ་རྒྱུའི་སྐོར་གྱི་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་དང་། ཕྱོགས་བཅུ་ནས་ཞིབ་སྲོལ་ཁག་37བཏོན་ཏེ་ཨན་ཧུའེ་ཡི་ལག་ཤེས་བཟོ་པའི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
     《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ལག་ཤེས་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཤིང་། ཞིང་ཆེན་རིམ་པའི་ཆུ་ཚད་མཐོ་བའི་ལག་ཤེས་པའི་སློབ་གླིང་དང་། སྤུས་ལེགས་ལག་ཤེས་བཟོ་པའི་སློབ་གྲྭ ལས་ཀ་དང་སློབ་སྦྱོང་གཞི་གཅིག་གི་ཆུ་ཚད་མཐོ་བའི་ཆེད་ལས(ཁྱུ་ཚོགས)རྣམ་གྲངས་འཛུགས་སྐྲུན་བཅས་ལག་བསྟར་བྱེད་པ་དང་། ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་རྣམ་གྲངས་ལག་བསྟར་བྱ་ཐབས་བཟོས་ཏེ། འཛུགས་གཏོད་ཚན་པའི་གཞི་རྩའི་ཆ་རྐྱེན་དང་། འཛུགས་སྐྲུན་དུས་འཁོར། མ་དངུལ་གྲབས་གསོག་དང་བེད་སྤྱོད་བྱ་ཐབས་བཅས་ཁ་གསལ་བཟོས་ནས། འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་བརྒྱུད་རྣམ་གྲངས་གཏན་འཁེལ་བྱས་རྗེས་ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་རྣམ་གྲངས་འཛུགས་སྐྲུན་ཚན་པར་བཅད་གྲངས་ཀྱི་ཁ་གསབ་སྤྲོད་པ་དང་འབྲེལ་ཁག་བགོས་ནས་སྤྲོད་རྒྱུ་རེད། རྣམ་གྲངས་འཛུགས་སྐྲུན་གྱི་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་དེ་ཞིང་ཆེན་ནོར་སྲིད་ཀྱིས་སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ་རེད།
     《བརྡ་ཐོའི》ནང་བསྟན་དོན། ལས་རིགས་རྩལ་ནུས་འགྲན་བསྡུར་དང་ཆེད་དོན་རྩལ་ནུས་འགྲན་བསྡུར་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་སྤྱི་འདོམས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལོ་རེར་ཞིང་ཆེན་རིམ་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་འཆར་གཞི་ཁྱབ་བསྒྲགས་བྱེད་རྒྱུ་དང་། ནོར་སྲིད་སྔོན་རྩིས་ནང་བཅུག་མེད་པ་དང་། རྒྱལ་ཡོངས་ཀྱི་ལས་རིགས་འགྲན་བསྡུར་དང་ཆེད་དོན་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་འདེམས་པ་དང་། སྦྱོང་བརྡར། འགྲན་ཞུགས་བཅས་ཀྱི་ལས་འགན་འཁུར་བ། ཚད་ལྡན་འཆར་གཞིའི་འགྲན་བསྡུར་སྒྲིག་འཛུགས་བཅས་ལ་བདམས་ཐོན་པའི་རྒྱལ་ཡོངས་ཀྱི་འགྲན་བསྡུར་གྱི་གྲུབ་འབྲས་ལ་གཞིགས་ནས་ཨང་དང་པོ་ནས་གསུམ་པ་བར་སྒོར་ཁྲི་10དང་། སྒོར་ཁྲི་8 སྒོར་ཁྲི་5བཅས་ཀྱི་ཚད་གཞི་ལྟར་འགན་འཁྲིའི་ཚན་པར་འགྲན་བསྡུར་འགྲོ་གྲོན་ཁ་གསབ་སོ་སོར་སྤྲོད་རྒྱུ་དང་། དེར་མཁོ་བའི་འགྲོ་གྲོན་ཞིང་ཆེན་རིམ་པའི་ལག་ཤེས་བཟོ་པའི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་གྱི་མ་དངུལ་ནས་གཏོང་རྒྱུ་དང་འགན་འཁུར་ཚན་པ་གཅིག་གི་བདམས་ཐོན་པ་མང་པོར་བྱ་དགའ་ཐོབ་ཚེ་གྲུབ་འབྲས་ཡག་ཤོས་ལ་གཞིགས་ནས་ཁ་གསབ་སྤྲོད་རྒྱུ་རེད།