འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་པ།

—— ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་ལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཉན་ཧྲེང་དང་ཀྲང་ཅིན་རུའོ།
     “མི་རིང་བའི་གོང་ཀྲུང་གོར་སྐྱོད་པ་ནི་མཐོང་རྒྱ་ཆེ་རུ་གཏོང་བའི་ཡུལ་སྐོར་ཞིག་རེད། ཀྲུང་གོས་རང་ངོས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་ཆེད་ཐོན་ཁུངས་འབོར་ཆེན་ཞིག་བཏང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་ངས་མཐོང་བྱུང”ཞེས་ཉིན་ཤས་གོང་། ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་རུ་གནས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་རུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
     ཟླ་3པའི་ཟླ་སྨད་དུ་ཀའོ་ཅིན་ཧུང་གིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱས་པ་དེ་ནི་ཁོང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེའི་འགན་འཁུར་རྗེས་ས་ཁོངས་གཞན་གྱི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། ཉིན་དྲུག་ནང་ཀྲུང་གོའི་གྲོང་ཁྱེར་མང་པོར་འཚམས་འདྲི་བྱས་པ་དང་། དེའི་རིང་འབྲེལ་ཡོད་སྲིད་གཞུང་གི་སྡེ་ཚན་དང་། ཁེ་ལས། མཐོ་སློབ་བཅས་དང་དེ་བཞིན་ཚན་ཞིབ་སྒྲིག་གཞི་དང་སྤེལ་རེས་བྱས་པ་དང་འབྲེལ་མྱུར་བགྲོད་མེ་འཁོར་ལ་ཡང་བསྡད་པ་རེད། དེའི་ཁྲོད་པི་ཡ་ཏི་རླངས་འཁོར་ཐོན་སྐྱེད་འཁོར་ཁང་དུ་ལྟ་སྐོར་བྱས་པས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས“ང་ཚོས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་དེ་བས་མང་བས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་མ་འཇོག་བྱས་ནས་བཟོ་གྲྭ་འཛུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དེ་ནི་འགྱུར་རྡོའི་ནུས་རྒྱུ་ནས་ནུས་རྒྱུ་གཙང་མའི་ཕྱོགས་སུ་བསྒྱུར་བའི་ང་ཚོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་ཡོད”ཅེས་བརྗོད་པ་རེད།
     ཀྲུང་གོར་འཚམས་འདྲི་བྱེད་རིང་། ཀའོ་ཅིན་ཧུང་གིས་ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེའི་མིང་ཐོག་ནས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2023ལོའི་ལོ་ཚོགས་ནང་ཐེངས་དང་པོ་ཞུགས་ཡོད། ཁོང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ནི་ཨེ་ཤེ་ཡའི་ཕྱོགས་མང་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དེས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་ཐེབས་པ་མ་ཟད། ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་སོགས་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་དབར་གྱི་འབྲེལ་བ་གཏིང་ཟབ་ཏུའང་གཏོང་ཐུབ། “སྲིད་གཞུང་གི་དཔོན་རིགས་དང་། ཚོང་དོན་ལས་རིགས་ཀྱི་མི་སྣ། ཇུས་འདོན་ཚོགས་པའི་མཁས་དབང་བཅས་ཀྱི་ཤེས་རྟོགས་གསར་ཤོས་ལ་རྒྱུས་ལོན་བྱས་ཏེ་ཁྱབ་ཁོངས་མི་འདྲ་བའི་ཕུལ་བྱུང་མི་སྣའི་ལྟ་བ་བསྡུ་ལེན་བྱས་ཚེ་ཨེ་ཤེ་ཡའི་མི་དམངས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ”ཅེས་བརྗོད་པ་རེད།
     འདི་ལོ་ནི་ཀྲུང་གོས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ནས་ལོ་10འཁོར་བའི་ལོ་ཞིག་རེད་ལ། ཀྲུང་གོས《ཨེ་ཤེ་ཡ་ཤར་ལྷོའི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ནང་ཞུགས་རྒྱུར་མིང་རྟགས་བཀོད་ནས་ལོ་20འཁོར་བའི་ལོ་ཞིག་ཀྱང་རེད། ཀའོ་ཅིན་ཧུང་གིས་ལོ་20ཡི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཁ་དན་ཚིག་ལ་གནས་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་ལ་སྲུང་སྐྱོང་ཧུར་ཐག་བྱས་ཏེ་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད། ཕན་ཚུན་དབར་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་དང་ཆབས་ཅིག ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་བརྟན་ལྷིང་གི་མཉམ་ལས་སྟེགས་བུ་དང་ལམ་སྲོལ་དེ་བས་མང་བ་འཛུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཀའོ་ཅིན་ཧུང་གིས་2009ལོ་ནས་བཟུང་ཀྲུང་གོས་ལོ་13བསྟུད་མར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་པོ་རྒྱུན་འཁྱོངས་བྱས་པ་དང་། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》(RCEP)ཕན་འབྲས་ཐོན་པའི་སྒོ་ནས་ལག་བསྟར་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མྱུར་ཚད་མགྱོགས་སུ་དང་རིམ་སྤོར་བྱ་རྒྱུར་རམ་འདེགས་ཐུབ་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0པར་གཞིའི་གྲོས་མོལ་ལ་ཡང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། “ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0པར་གཞིའི་གྲོས་མོལ་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། གྲོས་མཐུན་དོན་འཁྱོལ་བྱུང་རྗེས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་དང་། ཕྱོགས་གཉིས་པོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ། གྲངས་འཛིན་དཔལ་འབྱོར་དང་རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་པའི་ནང་ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱུག་རྒྱུར་རམ་འདེགས་བཅས་ཐུབ་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།