༄༅།།ཀྲུང་གོའི་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུ་པུ་རུ་ནེར་འབྱོར་ནས་མཛའ་གྲོགས་ཀྱི་འཚམས་འདྲི་བྱས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་08ཉིན། 09:39】 (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)
ཤིན་ཧྭ་གསར་འགྱུར་ཁང་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། ཐག་རིང་རྒྱ་མཚོའི་ཁོངས་སུ་དངོས་སྦྱོང་འཚམས་འདྲིའི་ལས་འགན་འཁུར་བཞིན་པའི་ཀྲུང་གོའི་མཚོ་དམག་གི་ཆི་ཅི་ཀོང་རྟགས་ཅན་དམག་གྲུ་ཚེས་5ཉིན་གྱི་སྔ་དྲོ་པུ་རུ་ནེའི་མོ་ལཱ་གྲུ་ཁར་འབྱོར་ནས་པུ་རུ་ནེར་དུས་ཡུན་ཉིན་གསུམ་གྱི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་རེད། དེ་ནི་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུ་པུ་རུ་ནེར་འཚམས་འདྲི་བྱེད་ཐེངས་གཉིས་པ་ཡིན་པ་རེད།
ཉིན་དེའི་སྔ་དྲོར་ཀྲུང་གོ་དང་པུ་རུ་ནེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་བཀལ་བའི་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུ་མོ་ལཱ་གྲུ་ཁར་འབྱོར་བ་རེད། པུ་རུ་ནེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤའོ་ཅན་གོ་དང་། གཞུང་ཚབ་ཁང་གི་ལས་དོན་པ། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་རྩ་འཛུགས། ཀྲུང་གོའི་མ་འཇོག་སྒྲིག་གཞིའི་འཐུས་ཚབ། པུ་རུ་ནེའི་མཚོ་དམག་གི་དཔོན་དམག་གི་འཐུས་ཚབ་སོགས་མི་400ལྷག་ཙམ་གྱིས་གྲུ་ཁར་ཕེབས་བསུ་ཞུས་པ་རེད། པུ་རུ་ནེ་ཕྱོགས་ཀྱིས་གྲུ་ཁར་ལྟད་མོ་ཆེ་བའི་སེང་རྩེད་རྩེད་པ་མ་ཟད། རང་རེའི་ལས་འགན་བཀོད་འདོམས་པར་མེ་ཏོག་ཕྲེང་བ་དང་མེ་ཏོག་ཚོམ་བུ་ཕུལ་བ་རེད།
པུ་རུ་ནེར་འཚམས་འདྲི་བྱེད་རིང་རང་རེའི་ལས་འགན་བཀོད་འདོམས་པས་པུ་རུ་ནེའི་མཚོ་དམག་གི་ལས་ཚབ་སི་ལིང་ཧྲ་ལི་ཕུའུ་དང་ཐུག་འཕྲད་བྱེད་རྒྱུ་རེད། འཚམས་འདྲིར་སྐྱོད་པའི་དཔོན་དམག་ཚོས་པུ་རུ་ནེའི་མཚོ་དམག་གི་སྦྱོང་བརྡར་ལྟེ་གནས་དང་། གོང་མ་ཚང་གི་དྲག་ཆས་དཔུང་སྡེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་། པུ་རུ་ནེ་སློབ་ཆེན། མཚོ་དམག་གི་དམག་གྲུ་བཅས་ལ་ལྟ་སྐོར་དང་སྤེལ་རེས་བྱེད་པ་དང་འབྲེལ། པུ་རུ་ནེ་ཕྱོགས་ཀྱི་ན་གཞོན་དཔོན་དམག་དང་ལུས་རྩལ་མཛའ་གྲོགས་འགྲན་བསྡུར་དང་བྱེ་ཐང་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།
དམག་གྲུ་གྲུ་ཁར་འཇོག་རིང་ཆི་ཅི་ཀོང་རྟགས་ཅན་དམག་གྲུས་དམག་གྲུ་སྒོ་དབྱེའི་བྱེད་སྒོ་སྤེལ་ཏེ་གྲུ་གཟིངས་ཀྱི་གཅལ་སྟེང་དུ་སྣེ་ལེན་འདུ་ཚོགས་འཚོག་རྒྱུ་རེད། པུ་རུ་ནེ་ཕྱི་འབྲེལ་པུའི་སྐོར་ཞིབ་གཞུང་ཚབ་ཆེ་མོ་བ་སྲས་མོ་མཱ་སི་ནཱ་བཟའ་ཚོ་དམག་གྲུར་འཛེགས་ནས་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།
