འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“ལོ་རྒྱུས་ཀྱི་ཚད་གཞི་དམའ་ཤོས་སུ་ཆག་པ”གསུམ་ལས་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་མཚོན་ཡོད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གྲངས་གཞི་ཁག་གཅིག་ལས་མངོན་པར། 2022ལོར་རྒྱལ་ཡོངས་ཀྱི་སྦྲུམ་མ་འཆི་ཚད་ཁྲི་15.7/ཁྲི་10བར་ཆག་པ་དང་། ཕྲུ་གུ་དམར་འབྱར་འཆི་ཚད་4.9‰བར་ཆག་པ། ལོ་5མན་གྱི་བྱིས་པ་འཆི་ཚད་6.8‰བར་ཆག་པ་དེ་དག་ཚང་མ་ལོ་རྒྱུས་ཀྱི་ཚད་གཞི་དམའ་ཤོས་སུ་སླེབས་ནས་བུད་མེད་དང་བྱིས་པའི་བདེ་ཐང་ཁེ་དབང་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།
     དེ་ནི་གསར་འགོད་པར་ཟླ་5ཚེས་31ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་ཞིག་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དང་། ཕྲུ་གུ་དམར་འབྱར་འཆི་ཚད། སྦྲུམ་མ་འཆི་ཚད་བཅས་རྒྱལ་ཁབ་ཅིག་གི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་ལ་ཚད་འཇལ་བའི་དམིགས་ཚད་གཙོ་བོར་བརྩི་ཡི་ཡོད། དེའི་ནང་མ་བུ་བདེ་ཐང་གིས་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་དང་། འཚོ་བའི་སྤུས་ཚད། ཤེས་དཔལ་གྱི་ཚད་གཞི་བཅས་མཚོན་གྱི་ཡོད།
     “མཐོར་གཏོང་གསུམ”དང་། “སེལ་བ་གཉིས” “མཉམ་འདྲེས་གཉིས” “སྐུལ་འདེད་གཉིས”སོགས་མིག་སྔར་རང་རྒྱལ་གྱིས་མ་བུ་བདེ་ཐང་གི་བྱ་སྤྱོད་འཆར་གཞི་རབ་དང་རིམ་པ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བུད་མེད་དང་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་ཞབས་ཞུ“ཡོད་མེད”ནས“ལེགས་ཉེས”བར་འགྱུར་ལྡོག་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པའི་བདེ་ཐང་སིའི་སི་ཀྲང་སུང་ལི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “མཐོར་གཏོང་གསུམ”ནི་མ་བུ་བདེ་འཇགས་བྱ་སྤྱོད་མཐོར་གཏོང་གི་འཆར་གཞི་དང་། བདེ་ཐང་བྱིས་པའི་བྱ་སྤྱོད་མཐོར་གཏོང་གི་འཆར་གཞི། ལྷན་སྐྱེས་དབང་པོ་སྐྱོན་ཅན་འགོག་བཅོས་ཀྱི་ནུས་པ་མཐོར་གཏོང་གི་འཆར་གཞི་བཅས་རེད། “སེལ་བ་གཉིས”ནི་བུད་མེད་དང་བྱིས་པའི་བདེ་ཐང་ལ་ཤུགས་རྐྱེན་བཟོ་བའི་ནད་གཞི་ལྕི་པོ་ནུས་ཤུགས་ཡོད་རྒུས་སེལ་རྒྱུ་དམིགས་ཡུལ་དུ་བྱས་ནས་ཨེ་ཙིའི་ནད་དང་། བསེ་མོག མཆིན་ནད་ལྡེམ་བུ་ཨ་མ་ནས་འགོས་པ་བཅས་སེལ་བའི་བྱ་སྤྱོད་འཆར་གཞི་དང་དེ་བཞིན་མངལ་སྐེའི་འབྲས་སྐྲན་གང་མགྱོགས་སེལ་བའི་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུ་དེ་རེད། “མཉམ་འདྲེས་གཉིས”ནི་མ་བུའི་བདེ་ཐང་དང་ཀྲུང་ལུགས་གསོ་རིག་མཉམ་འདྲེས་འཕེལ་རྒྱས་དང་བུད་མེད་དང་བྱིས་པའི་བདེ་ཐང་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་རེད། “སྐུལ་འདེད་གཉིས”ནི་ཨ་མའི་འོ་མ་སྟེར་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་འཆར་གཞི་དང་སྐྱེ་འཕེལ་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་འཆར་གཞི་གཉིས་རེད།