འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི་6.88དང་ཡུལ་གཞན་དུ་སྨན་པ་བསྟེན་པར་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི་6.88དང་ཡུལ་གཞན་དུ་སྨན་པ་བསྟེན་པར་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་ནས་མང་ཚོགས་ཀྱིས་ཡུལ་གཞན་དུ་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་རུའེ་ཡིས། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་དྲ་ཐོག་ཏུ་ཐོ་འགོད་སྙན་སེང་ཞུ་ཆོག་པའི་མི་ཚོགས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཐོ་འགོད་སྙན་སེང་ཞུ་བར་མཁོ་བའི་དཔྱད་ཡིག་ཉུང་དུ་བཏང་ནས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགས་ཀྱི་APPདང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་སྐད་འཕྲིན་སྤྱི་རྟགས་སོགས་རྒྱལ་ཡོངས་ཀྱི་གཅིག་གྱུར་དྲ་ཐོག་ཐོ་འགོད་སྙན་སེང་གི་ཐབས་ལམ་ཁྱབ་གདལ་གཏོང་བའི་རྨང་གཞིའི་ཐོག་ད་དུང་མཚོ་སྔོན་སྨན་བཅོས་འགན་སྲུང་གི་APPདང་12345ཁ་པར་སོགས་དྲ་ཐོག་ཏུ་ཐོ་འགོད་ཐབས་ལམ་བཏོད་པ་དང་། ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང(ཆུས)བཅས་ཀྱི་སྨན་བཅོས་འགན་སྲུང་སྒྲུབ་གཉེར་སྒྲིག་གཞིར་ས་གནས་ས་ཐོག་ཏུ་ཐོ་འགོད་སྙན་སེང་ཞུ་ཆོག་པས་འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱིས་ཐོ་འགོད་སྙན་སེང་ཞུ་སྟངས་སྟབས་བསྟུན་ངང་གདམ་རྒྱུར་ཧ་ཅང་སྟབས་བདེ་བསྐྲུན་ཡོད་པ་དང་ཆབས་ཅིག ཡུལ་གཞན་དུ་ཐོ་འགོད་སྙན་སེང་དུས་ཐོག་ཏུ་གཉེར་ཐུབ་ནས་ཞིང་ཆེན་སྒྲོལ་ནས་སྨན་ཁང་སྒྱུར་ཏེ་སྨན་པ་བསྟེན་པ་དང་སྨན་ཁང་དུ་སྡོད་པའི་སྨན་རིན་རྩིས་ཞུའི་བསྡུར་གྲངས་བསྐྱར་དུ་མི་ཆག་པ་བྱས་ནས་ཡུལ་གཞན་དུ་ཡུན་རིང་སྡོད་མཁན་ཚོས་སྨན་པ་བསྟེན་ས་དང་ཞིང་ཆེན་ནང་ཁུལ་དུ་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     མིག་སྔའི་བར་རྒྱལ་ཡོངས་སུ་སྨན་ཁང་དུ་སྡོད་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི་6.88ཟིན་ཡོད་པ་ཚང་མ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་གཞན་དུ་སྨན་པ་བསྟེན་པ་དང་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད། 2022ལོར་མཚོ་སྔོན་ཞིང་ཆེན་དང་ཞིང་ཆེན་ཕྱིའི་ཡུལ་གཞན་དུ་སྨན་པ་བསྟེན་པ་དང་སྨན་རིན་ཐད་ཀར་རྩིས་བརྒྱབ་པའི་སྨན་ཁང་དུ་སྡོད་མཁན་མི་ཐེངས་ཁྲི་65.06ཟིན་པ་དང་། སྨན་བཅོས་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་12.43ཟིན་པ། སྨན་བཅོས་འགན་སྲུང་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་9.52ཟིན་པ་བཅས་རེད། ཞིང་ཆེན་གཞན་ནས་མཚོ་སྔོན་དུ་སྨན་པ་བསྟེན་པ་དང་སྨན་རིན་ཐད་ཀར་རྩིས་བརྒྱབ་ཚད་མི་ཐེངས་7246ཟིན་པ་དང་། སྨན་བཅོས་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི་5638ཟིན་པ། ཐེབས་རྩའི་གཏོང་སྒོ་སྒོར་ཁྲི་3044བཅས་ཟིན་ནས་འགན་སྲུང་ནང་ཞུགས་མཁན་མང་ཚོགས་ཚོའི་སྨན་པ་བསྟེན་སྐབས་སྟབས་བདེ་བའི་ཚོར་སྣང་ཟབ་ཏུ་ཕྱིན་ཡོད་པ་རེད།
     “ང་ཚོས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་གཞན་དུ་སྨན་པ་བསྟེན་པའི་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་འགན་སྲུང་ནང་ཞུགས་མཁན་མང་ཚོགས་དེ་བས་མང་བས་ཡུལ་གཞན་དུ་སྨན་པ་བསྟེན་པའི་ཐོ་འགོད་སྙན་སེང་གི་གཞི་རྩའི་བརྒྱུད་རིམ་དང་དེ་བཞིན་སྨན་རིན་ཐད་ཀར་རྩིས་རྒྱག་སྟངས་ཤེས་པ་བྱེད་ཀྱི་ཡིན” ཁྲེན་རུའེ་ཡིས་ཐོ་འགོད་སྙན་སེང་གི་བརྒྱུད་རིམ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ས་ཁུལ་དེ་བས་མང་བས་རང་འགུལ་གྱིས་ཐོ་འགོད་སྙན་སེང་ཞུ་བར་སྐུལ་ལྕག་གཏོང་བ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་འགན་སྲུང་ཁོའོ་དང་སྨན་བཅོས་འགན་སྲུང་གི་ཆེད་དོན་ལས་དོན་མི་སྣའི་ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ནས་ཞིང་ཆེན་སྒྲོལ་ནས་སྨན་ཁང་སྒྱུར་བའི་ཐོ་འགོད་སྙན་སེང་དེ་སྨན་བཅོས་སྒྲིག་གཞིའི་སྐར་ཁུང་དུ་སྒྲུབ་ཐུབ་པ་བྱེད་རྒྱུ་རེད་ཅེས་བཤད།