འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་04ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་6ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གྱི་འཕེལ་རིམ་དང་དེ་བཞིན་གོམ་སྟབས་རྗེས་མའི་གཙོ་གནད་བྱ་ཐབས་སྐོར་གྱི་སྙན་ཞུ་གསན་ཞིང་། ཚོགས་འདུའི་ཐོག་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས་པ་དང་འབྲེལ་རྩ་དོན་ཐོག་གྲོས་འཆམ་ཡང་བྱུང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་གི་འགོ་ཡག་པོ་ཞིག་བཙུགས་ཡོད་མོད། དཔལ་འབྱོར་སླར་གསོའི་རྨང་གཞི་དེ་ཙམ་བརྟན་པོ་མེད་པས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་གནས་བབ་གལ་ཆེན་དུ་བཞག་ནས་སྤྱི་ཚོགས་ཀྱི་སྔོན་དཔག་སྔར་བས་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ཁྲོམ་རའི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཁེ་ལས་ཀྱི་དོན་དངོས་དགོས་མཁོར་གཞིགས་ནས་ཁྲོམ་རར་ཞུགས་འཐུས་ལྷུག་ཏུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་ལ་སྐུལ་མ་གཏོང་བ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་པ། གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་སྐྲུན་པ་སོགས་ཀྱི་ཐད་ཁག་ཐེངས་དབྱེ་ནས་དམིགས་སའི་རང་བཞིན་ཆེ་བ་དང་མཁོ་ཆོད་པའི་སྲིད་ཇུས་བྱེད་ཐབས་མགྱོགས་མྱུར་འདོན་པ་དང་འབྲེལ་ཚོང་གཉེར་ཁོར་ཡུག་གི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་བརྒྱུད་སྲིད་ཇུས་ཀྱི་ཕན་འབྲས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། ཞབས་ཞུའི་འདུ་ཤེས་ཟབ་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དོན་འཁྱོལ་གྱི་འགག་གནད་སེལ་བ་བཅས་བྱས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་སྔར་བས་ཆེ་བ་ཡོང་བར་བྱེད་དགོས།
     ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས་པ་དང་འབྲེལ་རྩ་དོན་ཐོག་གྲོས་འཆམ་བྱུང་ཞིང་། འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་ཡོད། ཚོགས་འདུའི་ཐོག་སློབ་ཞུགས་གོང་གི་སློབ་གསོ་ནི་ཚེ་གང་སློབ་གསོའི་འགོ་འཛུགས་ས་ཡིན་ལ། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གལ་ཆེན་ཡང་ཡིན་པས། བྱིས་པ་དུང་ཕྱུར་མང་པོ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་འབྲེལ་བ་ཡོད་པར་བརྟེན་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། འཕྲལ་དང་ཕུགས་ལ་སྤྱི་འདོམས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་དང་སློབ་ལོ་ལོན་པའི་མི་འབོར་འགྱུར་ལྡོག་འགྲོ་ཚུལ་གཞིར་བཟུང་ནས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་སྟེ། དགོས་མཁོ་ནུས་ལྡན་ངང་སྐོང་དགོས་ལ་ཐོན་ཁུངས་ཆུད་ཟོས་སུའང་མི་འགྲོ་བ་བྱེད་དགོས། ནོར་སྲིད་ཀྱི་མ་འཇོག་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཞུགས་གོང་གི་སློབ་གསོའི་མ་འཇོག་བསྡུར་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ས་ཁུལ་དང་མི་རིགས་ས་ཁུལ་ལ་ཕྱོགས་ཤུགས་ཆེ་རུ་གཏོང་བ། སློབ་ཞུགས་གོང་གི་སློབ་གནས་མཁོ་སྤྲོད་མང་དུ་གཏོང་བ་བཅས་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོའི་བྱ་གཞག་ཁྱབ་གདལ་ཀུན་ཕན་དང་བདེ་འཇགས་སྤུས་ལེགས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་དགོས་ཞེས་བསྟན་ཡོད།
     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།