འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱང་ཕྱོགས་སུ་སྣུར་སྲིང་གི་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭའི་2022ལོ་དང་2023ལོའི་གཙང་ཆུ་འདྲེན་པའི་ལས་འགན་ལེཌ་གྲུབ་ཟིན་པ།

—— ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དུ་ཆུ་དྲངས་ཚུན་ཁྱོན་བསྡོམས་མི་ཁྲི་8359ལ་ཕན་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་03ཉིན། 23:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་31ཉིན་གྱི་ཆུ་ཚོད་20ལ་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ཝུའུ་ཁྲེང་རྫོང་གི་ལིའུ་ཝུའུ་ཧོ་གཙང་པོའི་ཚོད་འཛིན་ཆུ་སྒོ་དལ་བུར་ཁ་བརྒྱབ་པས། ལྷོ་ཆུ་བྱང་འདྲེན་ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་བྱང་ཕྱོགས་སུ་སྣུར་སྲིང་གི་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭའི་2022ལོ་ནས་2023ལོ་འཁོར་གྱི་གཙང་ཆུ་འདྲེན་པའི་ལས་འགན་ལེགས་གྲུབ་ཟིན་པ་དང་། ལོ་འཁོར་འདིར་རྨ་ཆུའི་བྱང་ཕྱོགས་སུ་གཙང་ཆུ་སྨི་རྒྱ་དཔངས་དུང་ཕྱུར་2.77འདྲེན་ཡོད་པ་རེད། གཞན་ཡང་ཟླ་5ཚེས་29ཉིན་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་2022ལོ་ནས་2023ལོ་འཁོར་གྱི་ཅང་སུའུ་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་འབྲེལ་མཚམས་ཀྱི་གཙང་ཆུ་སྤྱིའི་ཆ་ནས་དྲངས་ཟིན་ཏེ་ཧྲན་ཏུང་ཞིང་ཆེན་ལ་གཙང་ཆུ་སྨི་རྒྱ་དཔངས་དུང་ཕྱུར་8.5དྲངས་ཡོད་པ་རེད།
     འདི་ལོ་ནི་2019ལོ་ནས་བཟུང་བྱང་ཕྱོགས་སུ་སྣུར་སྲིང་གི་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭའི་ཆུ་འདྲེན་པའི་ཚོད་ལྟ་བྱས་ཚུན་གཙང་ཆུ་འདྲེན་ཐེངས་བཞི་པ་དེ་ཡིན་པ་དང་། འདི་ལོ་གཙང་ཆུ་འདྲེན་འགོ་འཛུགས་པའི་དུས་ཚོད་སྔ་བ་དང་། ཆུ་འདྲེན་ཚད་མང་བ། ཆུ་འདྲེན་དོ་དམ་གྱི་དཀའ་ཚེགས་ཆེ་བ་བཅས་ཡོད་པ་དང་། ལོ་འཁོར་འདིར་གཙང་ཆུ་ཉིན་174མཚམས་མི་ཆད་པར་དྲངས་པས། བྱང་ཕྱོགས་སུ་སྣུར་སྲིང་གི་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭའི་གཙང་ཆུ་འདྲེན་པའི་དུས་ཚོད་རིང་ཤོས་ཀྱི་ཟིན་ཐོ་བཏོད་དེ། ཧོ་པེ་དང་ཐེན་ཅིན་ལ་གཙང་ཆུ་སྨི་རྒྱ་དཔངས་དུང་ཕྱུར་2.38དྲངས་ནས་ལོ་འཁོར་འཆར་གཞིའི་110%ལེགས་སྒྲུབ་བྱས་པ་དེ་ནི་བྱང་ཕྱོགས་སུ་སྣུར་སྲིང་གི་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭའི་གཙང་ཆུ་འདྲེན་ཚད་མང་ཤོས་ཡིན་པ་རེད།
     ལོ་འཁོར་འདི་ནི་ལྷོ་ཆུ་བྱང་འདྲེན་ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་2013ལོར་དངོས་སུ་ཆུ་དྲངས་ཚུན་གྱི་གཙང་ཆུ་འདྲེན་པའི་ལོ་འཁོར་བཅུ་པ་དེ་ཡིན་པ་དང་། 2013ལོར་ཆུ་དྲངས་ཚུན་ལས་གྲྭས་ཁྱོན་བསྡོམས་གཙང་ཆུ་སྨི་རྒྱ་དཔངས་དུང་ཕྱུར་416འཐེན་པས། ལམ་རྒྱུད་ཀྱི་གྲོང་ཁྱེར་ཆེ་འབྲིང་25དང་མི་ཁྲི་8359ལ་ཕན་པ་ཐོབ་པ་དང་ཆུ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་ནུས་ལྡན་ཐུབ་སྟེ། དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས་སོགས་ཕྱོགས་བསྡུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།