འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨན་ཧུའེ་ཡིས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་03ཉིན། 23:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཐེན་ཤན་ཅིན། ཡིའུ་དབྱི། ཀྲང་པོ་ལན།
     གྲོ་བརྔ་བསྡུ་བྱེད་གྲབས་ཡོད་པའི་སྐབས་གང་སར་སེར་མདོག་ཅན་དུ་གྱུར། ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་ཀུའོ་དབྱང་རྫོང་སུང་ཕེ་ཧྥང་གྲོང་ཚོར་གྲོང་མི་སུང་ལའེ་པའོ་ཡིས་རང་ཁྱིམ་གྱི་ཞིང་ནང་དུ་གྲོའི་སྐྱེ་འཚར་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་དང་། འདི་ལོ་ཁོང་གིས་གྲོ་མུའུ་3000ལྷག་ཙམ་བཏབ་པས་ལོ་ཏོག་སྨིན་པའི་དུས་ཚིགས་དེར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
     “སྲིད་གཞུང་གི་ཁྲིད་སྟོན་འོག་ཞིང་ནང་དུ་བཏབ་པའི་ལོ་ཏོག་ཕལ་ཆེ་བ་ནི་སྤུས་ལེགས་གྲོ་ཡིན། ཉིན་འདི་དག་ནང་སྐྱེ་འཚར་ཡག་པོ་ཡོད་པས་སྔོན་དཔག་གི་ཐོན་ཚད་མངོན་འགྱུར་ཐུབ་ངེས་རེད” “མཛོད་ཁང་ནང་གི་བརྔ་བསྡུའི་འཕྲུལ་འཁོར་ཉམས་གསོ་བྱས་ཟིན་པ་དང་ད་དུང་གཟའ་འཁོར་གཅིག་བསྒུགས་ཚེ་གྲོ་བརྔ་ཆོག་གི་འདུག་པས་ངས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་སུང་ལའེ་པའོ་ཡིས་འཛུམ་དམུལ་དམུལ་ངང་བཤད།
     ཉེ་བའི་ལོ་ཤས་རིང་། ཞིང་ལས་ཞིང་ཆེན་ཆེ་གྲས་ཡིན་པའི་ཨན་ཧུའེ་ཡིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་ལས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་མགྱོགས་སུ་བཏང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
     “ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཞའོ་ཀང་གྲོང་ཚོས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་དར་རྒྱས་གཏོང་བ་བཅས་བྱས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་ཡོད” ཅེས་ཧྥུང་དབྱང་རྫོང་ཨུད་ཀྱི་རྒྱུན་ཨུ་ཞའོ་ཀང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ལི་ཅིན་ཀྲུའུ་ཡིས་བཤད།
     ཞིང་ལས་དེང་རབས་ཅན་ནི་ཞའོ་ཀང་གྲོང་ཚོའི་ཐོན་ལས་དང་པོའི་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་མངོན་གསལ་ཞིག་ཡིན་པ་དང་དེའི་ཐད་མི་ཚེ་ཕྱེད་ཀ་ལྷག་ཙམ་ཞིང་ཁ་བཏབ་པའི་ཁྲེང་ཤིས་པིན་ལ་མྱོང་ཚོར་ཟབ་མོ་ཡོད།
     ཉིན་ཤས་རིང་གནམ་གཤིས་ཡག་པོ་བསྟན་པར་བརྟེན་ཁྲེང་ཤིས་པིན་གྱིས་གྲོ་བརྔ་བཞིན་ཡོད། ཁོང་གིས“སླད་ཕྱིན་ཉིན་ཁ་ཤས་ནང་ཆར་པ་འབབ་སྲིད་པས་ང་ཚོའི་ས་ཞིང་མུའུ་600ལྷག་ཙམ་དེ་དག་བརྔ་བསྡུ་འགོར་འགྱངས་བྱེད་མི་རུང”ཞེས་བཤད།
     ཉེ་བའི་ལོ་ཤས་རིང་ཞའོ་ཀང་གྲོང་ཚོས་ཚད་གཞི་མཐོ་བའི་ཞིང་ཁ་སྒྱུར་བཀོད་ལ་མུ་མཐུད་སྐུལ་འདེད་བཏང་བས་དེ་སྔའི་ས་ཞིང་ཆུང་ངུ་དང་ས་ཞིང་ཐར་ཐོར་དེ་དག་གཅིག་སྡུད་ཡུག་སྦྲེལ་དང་ཁོད་སྙོམས་པོར་གྱུར་ནས་འཕྲུལ་ཆས་བཀོལ་སྤྱོད་བྱ་རྒྱུར་འཚམ་པོ་ཡོད་པ་རེད།
     ཞིང་ལས་མེད་ན་སྤྱི་ཚོགས་ལ་བརྟན་ལྷིང་མེད། བཟོ་ལས་མེད་ན་རྒྱལ་ཁབ་ཕྱུག་པོར་འགྱུར་མི་སྲིད། 2016ལོར་ཞའོ་ཀང་གྲོང་ཚོར་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་གླིང་བཙུགས་པས་ཞིང་ལས་ཐོན་ལས་ཀྱི་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་ཡོད། དེ་ཡང་མ་དངུལ་སྒོར་དུང་ཕྱུར་10.6བཏང་བའི་ཞའོ་ཀང་གྲོང་ཚོའི་ཕན་ཕན་ཀུང་སི་སོགས་ཁེ་ལས་ཁག་གཅིག་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཞའོ་ཀང་གྲོང་ཚོའི་དུས་རབས་ཧན་ཧྥང་འཕྲོད་སྦྱོར་བཏུང་བྱའི་རྣམ་གྲངས་སོགས་སྐྲུན་བཞིན་ཡོད་པས་ལེ་ལག་ཚང་བའི་ཐོན་ལས་གཅིག་རྗེས་གཉིས་མཐུད་ངང་ཐོན་བཞིན་ཡོད་སྟབས་བདེ་ཐང་གི་བཟའ་བཅའི་ཐོན་ལས་འཁོར་འབྲེལ་ཞིག་ཆགས་བཞིན་ཡོད་པ་རེད།
     ཐོན་ལས་གསུམ་པ་དར་རྒྱས་ཡོང་ཆེད། ཞའོ་ཀང་གྲོང་ཚོས་སྒྲིག་སྲོལ་སྒྱུར་བཅོས་བྱས་ཏེ་ཞའོ་ཀང་གསར་གཏོད་འཕེལ་རྒྱས་ཀུང་སི་དང་ཡུལ་སྐོར་མ་འཇོག་ཀུང་སི་བཙུགས་ནས་གྲོང་གསེབ་ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ལི་ཅིན་ཀྲུའུ་ཡིས་གསར་འགོད་པར་ཉེ་བའི་ལོ་གསུམ་ནང་ཞའོ་ཀང་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་200ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་2.6ཟིན་ཡོད།
     མིག་སྔར། ཞའོ་ཀང་གྲོང་ཚོར་དེང་རབས་ཀྱི་ཞིང་ལས་རྨང་གཞི་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལྟེ་བར་བྱེད་པ། ཡུལ་སྐོར་དང་། གསོ་སྦྱོང་སློབ་གསོ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐོན་ལས་གསུམ་མཉམ་འདྲེས་ཀྱི་ཐོན་ལས་བཀོད་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད། “དེང་རབས་ཞིང་ལས་ཀྱིས་ཐོན་ལས་གཉིས་པར་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་པ་དང་ཡུལ་སྐོར་སོགས་ཐོན་ལས་གསུམ་པ་དྲ་ཐོག་ནས་སྐད་གྲགས་ཆོད་པར་བྱས་ཡོད། དེས་ན་ཐོན་ལས་གཉིས་པ་དང་གསུམ་པར་ཐོབ་པའི་ཡོང་འབབ་ཀྱིས་ཀྱང་ཞིང་ལས་དང་ཞིང་པར་ཕན་གང་ཐུབ་ཅི་ཐུབ་བཏགས་པས་ཞིང་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་། ཞིང་པར་འབབ་འཕར་བྱུང་བ། ཁེ་ཕན་མང་པོ་ཐོབ་པ་བཅས་བྱུང་ཡོད”ཅེས་ལི་ཅིན་ཀྲུའུ་ཡིས་བཤད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
     ཐོན་ལས་དར་ན་བྱ་གཞག་མཐའ་དག་དར། 2022ལོར་ཨན་ཧུའེ་ཡི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་རྒྱ་མ་དུང་ཕྱུར་820.02ཟིན་པར་ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་66%ཟིན་པ་དང་། ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་83%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1.6ཟིན་པ་དེ་དུང་ཕྱུར་སྟོང་རིམ་པའི་ལྗང་མདོག་ཟས་རིགས་ཐོན་ལས་ཆེན་པོ་བཅུའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་པ། ཞིང་ཆེན་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱིས་མི་ཐེངས་དུང་ཕྱུར་2.32ལ་སྣེ་ལེན་ཞུས་པར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་900.9ཟིན་པ་སོགས་ད་ཆའི་ཨན་ཧུའེ་ཡི་གྲོང་གསེབ་ཐོན་ལས་དར་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་སྐྱོད་བཞིན་ཡོད་པ་རེད།
     གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བསྐྲུན་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ།
     གནའ་བོའི་ཉམས་འགྱུར་ལྡན་པའི་ཁང་ཆུང་དང་། གཙང་སྦྲ་དོད་པའི་གྲོང་གསེབ་ཀྱི་ལམ་ཆུང་། དྭངས་ཤིང་གཙང་བའི་རྫིང་ཆུ་སོགས་ཧོང་ཧྲན་གྲོང་ཁྱེར་ཐོན་ཤིས་ཆུས་ཧྥེང་ཞ་གྲོང་ཚོར་སྐྱོད་སྐབས་ཡུལ་ལྗོངས་རི་མོ་ལྟར་དུ་མཛེས། འོན་ཀྱང་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དེའི་སྔོན་ཆད་ཀྱི་རྣམ་པ་དེ་ལྟར་མིན།
     གྲོང་ཚོའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་ཧྥེང་ཞ་གྲོང་ཚོས་གྲོང་ཚོའི་རྫིང་བུ་དང་ཆུ་ཡུར་གཙང་སེལ་དང་གང་བྱུང་དུ་འཛུགས་སྐྲུན་བྱས་པ་བཤིག་གཏོར་སོགས་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་བ་དང་། འཚོ་བའི་གད་སྙིགས“གྲོང་ཚོས་བསྡུ་རུབ་དང་། གྲོང་རྡལ་གྱིས་བརྒྱུད་འདྲེན། གྲོང་ཁྱེར་གྱིས་གཙང་སེལ”བཅས་ཀྱི་བསྡུ་འདྲེན་སེལ་གསུམ་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱུན་གཏན་གྱི་གཙང་སྦྲའི་ལམ་སྲོལ་དང་ལས་བྱེད་པས་འགན་ལེན་པའི་ལམ་ལུགས་བཙུགས་པ་རེད།
     དེ་དང་ཆབས་ཅིག་གྲོང་ཚོས་འགྱིག་འཁོར་རྙིང་པ་དང་། རྫ་ལེབ་རྙིང་པ། སོ་ཕག་རྙིང་པ་སྤྱད་ནས་ཁུལ་150ལ་སྒྱུར་བཀོད་ཆུང་གྲས་བྱས་པ་དང་རྒྱུག་ལམ་སོགས་ས་ཚིགས་10ལྷག་ཙམ་བཏོད་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཆར་གཞི་གསར་པ་བཏིང་བ་རེད།
     “ད་ཆ་ཧྥེང་ཞ་གྲོང་ཚོ་འདི་ཉིད་གྲོང་ཚོ་ནས་མཛེས་ལྗོངས་ཁུལ་དུ་གྱུར་པས་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་པ་མ་ཟད། ད་དུང་རྒྱལ་ཁབ་ནགས་ཚལ་གྲོང་གསེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་སྟེ‘རྒྱལ་མཚོན་མིང་ཅན’གྱི་སྤུས་རྟགས་གྲོང་ཚོར་གྱུར་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཅན་ཅུན་གྱིས་འཛུམ་དམུལ་དམུལ་ངང་བཤད།
     《ཨན་ཧུའེ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》གཞིར་བཟུང་། 2025ལོར་སླེབས་སྐབས་ཨན་ཧུའེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་30%ཟིན་ཏེ་གྲོང་གསེབ་ཀྱི་བཙོག་ཆུ་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པའི་ཆུ་ཚད་མཐོ་རུ་རྒྱུན་མཐུད་བཏང་སྟེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་བྱེད་ཚད་85%ཟིན་པར་བྱ་རྒྱུ་རེད།
     གྲོང་གསེབ་དར་རྒྱས་གཏོང་བར“ཕྱིའི་རྣམ་པ”དགོས་ལ“ནང་དོན”ཡང་དེ་བས་དགོས་གལ་ཆེ་ཞིང་། གྲོང་གསེབ་ལ་ཧུར་བརྩོན་ཡར་ཐོན་གྱི་ཤེས་དཔལ་གོམས་སྲོལ་རྒྱུན་འཁྱོངས་བྱེད་དགོས་གལ་ཆེ། ཉེ་བའི་ལོ་ཤས་རིང་ཨན་ཧུའེ་ཞིང་ཆེན་གྱིས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཡ་རབས་བྱ་སྤྱོད་ལ་དཔྱད་མོལ་བྱས་ཏེ“སྤྱོད་ཚུལ་ལེགས་གཏོང་སྒོ་རྩིས་ཚོང་ཁང”དང་། “དར་སྲོལ་གསར་སྤེལ་ཁང” སོགས་ཀྱི་བྱེད་སྟངས་ཁྱབ་གདལ་བཏང་སྟེ་རྒྱས་སྤྲོས་རྒྱས་གཤོམ་དང་། རྒྱས་སྤྲོས་ཆུད་ཟོས། ངོ་སོ་བསྡུར་རེས་སོགས་ཀྱི་སྲོལ་ངན་མེད་པར་བཟོས་ཏེ་གྲོང་གསེབ་ཀྱི་ཤེས་དཔལ་རྣམ་པ་གསར་པ་གཏོད་རྒྱུར་གསོན་ཤུགས་འཕེལ་བར་བྱས་ནས་ཤེས་དཔལ་ལྡན་པའི་གྲོང་གསེབ་ཀྱི་དར་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་པའི་དམངས་སྲོལ་གོམས་གཤིས་བཅས་སྐྱེད་སྲིང་བྱས་ཡོད།
     མིག་སྔའི་བར་ཨན་ཧུའེ་ཡིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་225དང་ཨན་ཧུའེ་ཞིང་ཆེན་གྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་515སྐྱེད་སྲིང་བྱས་པ་དང་རྫོང་རིམ་པ་དང་དེ་ཡན་གྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་50%ལྷག་ཙམ་བཟུང་ཡོད།