འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་བྷང་ག་ལའི་བྱིས་པ་ཨ་ལི་ཧྥ·ཆིན་ལ་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་02ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི་བྱིས་པ་ཨ་ལི་ཧྥ·ཆིན་ལ་འཕྲིན་ལན་སྤྲིངས་ནས་སློབ་སྦྱོང་ཧུར་ཐག་དང་ཕུགས་འདུན་དོན་གཉེར་གྱིས་ཀྲུང་གོ་དང་བྷང་ག་ལའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད།
     ཞི་ཅིན་ཕིང་གིས་ཆིན་གྱིས་འཕྲིན་ཡིག་ནང་བརྗོད་པའི་མྱོང་ཚོར་ངོ་མ་ནི་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཟབ་མོའི་གསོན་ཉམས་དོད་པའི་མཚོན་ཚུལ་རེད། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་ཀྱི་མི་དམངས་ནི་གནའ་སྔ་མོ་ནས་བཟུང་ཁྱིམ་མཚེས་ཡག་པོ་དང་གྲོགས་པོ་ཡག་པོ་ཞིག་ཡིན་ལ་ལོ་ངོ་སྟོང་གི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་ཡོད། ལོ་ངོ་600ལྷག་ཙམ་གྱི་གོང་། ཀྲུང་གོའི་མིང་རྒྱལ་རབས་ཀྱི་མཚོ་འགྲུལ་མཁས་ཅན་ཀྲེན་ཧོ་ཡི“ནོར་གྲུ”བྷང་ག་ལར་ཐེངས་གཉིས་སླེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཁྲོད་མཛའ་གྲོགས་ཀྱི་ས་བོན་བཏབ་ཡོད། ལོ་ངོ་600ལྷག་ཙམ་གྱི་རྗེས། ཀྲུང་གོའི་མཚོ་དམག“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་གྲུ་རྒྱང་སྐྱོད་བྱས་ཏེ་ཀྲུང་གོའི་བུད་མེད་དམག་ཁོངས་སྨན་པ་ཚོགས་པས་ཅི་ཏ་གྲུ་ཁར་ཆིན་གྱི་ཨ་མ་ཉེན་ཁ་ནས་བསྐྱབས་པས་བུ་མོ་བདེ་བླག་ངང་བཙས་སྟབས། ཆིན་གྱི་ཨ་ཕས་བྷང་ག་ལའི་སྐད་ཀྱི“ཀྲུང་གོ”ཞེས་བུ་མོར་མིང་བཏགས་ནས་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཀྱི་མི་སེམས་འགུལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད་ཅེས་གསུངས།
     ཞི་ཅིན་ཕིང་གིས་ཆིན་ནར་སོན་རྗེས་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཕོ་ཉ་བྱས་ཏེ་མ་འོངས་པར་ཀྲུང་གོར་གསོ་རིག་སྦྱོང་དུ་ཡོང་ནས“ཀྲུང་གོའི་ཨ་མ”བཞིན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ཕུགས་འདུན་ཡོད་པ་རྟོགས་པས། ང་རང་ཧ་ཅང་དགའ་པོ་བྱུང་། ཆིན་གྱིས་དུས་ཚོད་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་འགྲུབ་ནས་ཁྱིམ་ཚང་ལ་དྲིན་ལན་འཇལ་བ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མེས་རྒྱལ་ལ་སྲི་ཞུ་སྒྲུབ་པ་བཅས་ཀྱི་རེ་བ་ཡོད། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ་ཆིན་གྱི་གཟུགས་པོ་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། སློབ་སྦྱོང་ཡར་རྒྱས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད།
     ཨ་ལི་ཧྥ·ཆིན་2010ལོར་སྐྱེ་སྐབས་ཁོང་གི་ཨ་མར་སྙིང་ནད་ཚབས་ཆེན་ཕོག་པའི་དབང་གིས་སྐྱེ་དཀའ་བར་གྱུར་ནས་སྐབས་ཤིག་རིང་འཆི་ལ་ཁད་དུ་གྱུར། སྐབས་དེར་བྷང་ག་ལ་རྒྱལ་ཁབ་ཀྱི་ཅི་ཏ་ཀང་དུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་མཚོ་དམག“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་གྲུར་རོགས་སྐྱོར་བྱེད་རོགས་ཞུས་པས། དམག་ཁོངས་སྨན་པ་ལམ་སེང་ས་གནས་དེ་གའི་སྨན་ཁང་དུ་བསྐྱོད་ནས་གནོན་ཤུགས་ཆེན་པོ་ཁུར་ཏེ་གཤགས་བཅོས་བྱས་མཐར་མ་བུ་གཉིས་ཉེན་ཁ་ནས་ཐར་ཡོད། བཀའ་དྲིན་མཚོན་ཆེད་ཁོང་གི་ཨ་ཕས་བུ་མོའི་མིང་ལ“ཆིན”(Chin)ཞེས་བཏགས་པ་དང་། བྷང་ག་ལའི་སྐད་དུ“ཀྲུང་གོ”ཞེས་པའི་དོན་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་སྐྱིད་དབང་མོ་དང་གནམ་ཕྱུག་རྒྱལ་གྱིས་ཞུས)