འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《གླིང་སྒྲུང་》དེབ་140ལྷག་དཔེ་སྐྲུན་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་02ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་མང་རིང་འཆར་གཞི་ཡོད་པ་དང་མ་ལག་ལྡན་པའི《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་རྒྱུས་སྙན་ངག་མྱུར་སྐྱོབ་དང་། སྲུང་སྐྱོབ། ཟིན་ཐོར་བཀོད་ནས་ལེགས་སྒྲིག ཡིག་སྒྱུར་དཔེ་སྐྲུན་སོགས་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས《གླིང་གེ་སར་རྒྱལ་པོའི་སྒྲུང་》ལོ་རྒྱུས་སྙན་ངག་འཚོལ་བསྡུ་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་པའི་ཁག་140ལྷག་ཙམ་ཡོད་པ་རེད། དེའི་ནང་ལག་བྲིས་དེབ་དང་། ཤིང་བརྐོས། སྒྲུང་བས་སྒྲུང་བཤད་སོགས་ཁག80ལྷག་ཙམ་འཚོལ་བསྡུ་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ནང་གི་ཕུལ་བྱུང་སྒྲུང་བའི་སྐོར་ཁག་63ལེགས་སྒྲིག་དཔེ་སྐྲུན་བྱས་པ་རེད།
     《གླིང་གེ་སར་རྒྱལ་པོའི་སྒྲུང་》དང《ཧོ་མའི་ལོ་རྒྱུས་སྙན་ངག》《མ་ཧ་བྷ་ར་ཏའི་ལོ་རྒྱུས་སྙན་ངག》གསུམ་ལ་འཛམ་གླིང་གི་ལོ་རྒྱུས་སྙན་ངག་ཆེན་མོ་གསུམ་ཞེས་མཚན་སྙན་ལྡན་པ་དང་། 2006ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ལྟར།《གླིང་གེ་སར་རྒྱལ་པོའི་སྒྲུང་》དེ་སྐོར་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པ་དང་། 2009ལོར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོར་ཚུད།
     དུས་རབས་20པའི་ལོ་རབས་50པར། མཚོ་སྔོན་ཞིང་ཆེན་གྱིས《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་རྒྱུས་སྙན་ངག་ཡོངས་བཤེར་དང་། འཚོལ་བསྡུ། མྱུར་སྐྱོབ་བཅས་ཀྱི་ལས་དོན་སྔོན་ལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི《གླིང་གེ་སར་རྒྱལ་པོའི་སྒྲུང་》མྱུར་སྐྱོབ་ལས་དོན་འགོ་ཁྲིད་ཚོ་ཆུང་དང་མཚོ་སྔོན་ཞིང་ཆེན་གྱི《གླིང་གེ་སར་རྒྱལ་པོའི་སྒྲུང་》ལོ་རྒྱུས་སྙན་ངག་ཞིབ་འཇུག་སུའོ་བཙུགས་པ་མ་ཟད། དམངས་ཁྲོད་ནས་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་རྒྱུས་སྙན་ངག་ཐོག་མའི་པར་གཞི་མི་ཉུང་བ་ཞིག་འཚོལ་བསྡུ་དང་སྔོག་འདོན་བྱས་ནས། རྒྱལ་ཡོངས་ཀྱི《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་རྒྱུས་སྙན་ངག་འཚོལ་རྙེད་སྔ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད།
     《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་རྒྱུས་སྙན་ངག་ཁག་140ལྷག་ཙམ་འཚོལ་བསྡུ་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་པ་ཕུད། མཚོ་སྔོན་གྱིས《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་ཆུང་བྱིས་པའི་ཀློག་དེབ་དཔེ་ཚོགས་10རྩོམ་སྒྲིག་བྱས་ནས་དཔེ་སྐྲུན་བྱས་པ་དང་། རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་དེབ་18ཡོད་པ་རེད།
     ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་བོད་ཡིག་ཁང་གི་ཞིབ་འཇུག་པ་དང་། 《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་རྒྱུས་སྙན་ངག་གི་ཞིབ་འཇུག་པ་རྟ་མགྲིན་མཚོ་ཡིས་དེ་གོང་། རྒྱུན་འཛིན་རྣམ་པ་མི་འདྲ་བ་འདི་དག་གིས་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ལོ་རྒྱུས་སྙན་ངག་དེ་གྲུབ་ཆ་གཙོ་བོ་མང་པོ་ཞིག་ཉམས་པ་དང་ཆབས་ཅིག་རྒྱུན་ཆད་མེད་པར་བསམ་ཚོད་དང་བསྐྱར་དུ་བཟོས་ཡོད་ཅེས་བཤད་པ་རེད།