འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ནན་བཤད་གནང་དོན།

༄༅།།རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་བདེ་
འཇགས་ཀྱི་གནས་བབ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་01ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ལི་ཆང་དང་། ཀྲའོ་ལེ་ཅི། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་དུས་བབ་ཤེས་རྟོགས་གཏིང་ཟབ། རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་གལ་ཆེན་སྟངས་འཛིན་ཡང་དག རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བདེ་འཇགས་ཀྱི་གནས་བབ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལི་ཆང་དང་། ཀྲའོ་ལེ་ཅི། ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱིས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་གཞི་དང་། ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ནུས་ལྡན་ངང་འཁོར་སྐྱོད་དང་ས་གནས་ཏང་ཨུད་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་རྒྱལ་ཡོངས་སུ་གཞི་རྩའི་ཆ་ནས་ཁྱབ་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་པར་བརྟེན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད།
    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔར་ང་ཚོར་འཕྲད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་རྙོག་འཛིང་དང་དཀའ་ཚེགས་ཆེ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་བདེ་འཇགས་འཐབ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་གདེང་ཚོད་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་བཙུགས་ནས་རང་ངོས་ཀྱི་ལེགས་ཆ་དང་ཕན་ཡོད་ཀྱི་ཆ་རྐྱེན་གང་ལེགས་མཐོང་ཐུབ་པ་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིག་དང་མཐར་སོན་པའི་བསམ་གཞིག་མཐའ་འཁྱོངས་བྱས་ནས་དཀའ་ངལ་ཆེན་པོ་དང་ཐ་ན་བསམ་ཚོད་ལས་འདས་པའི་དཀའ་ངལ་གྱི་ཚོད་བགམ་ཆེན་པོ་ཐེག་ཐུབ་པའི་གྲ་སྒྲིག་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། དངོས་འཐབ་དངོས་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། མཐུན་སྦྱོར་ཕན་ཆེ་དང་། ཁྲིམས་སྐྱོང་གི་བསམ་གཞིག ཚན་རྩལ་གྱི་ནུས་པ། གཞི་རིམ་གྱི་རྨང་གཞི་བཅས་ལ་དེ་བས་གཙིཌ་ཆེན་བྱས་ཏེ། ཕྱོགས་ཁག་གི་འཛུགས་སྐྲུན་སྦྲེལ་མཐུད་ནུས་ལྡན་དང་མཉམ་འགུལ་འདུས་གྲུབ་ལ་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་དང་། རང་ལ་ཕན་པའི་ཕྱི་རོལ་གྱི་བདེ་འཇགས་ཁོར་ཡུག་རང་འགུལ་ངང་གཏོད་པ། སྒོ་དབྱེའི་བདེ་འཇགས་དེ་བས་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་གཏོད་པའི་བྱ་ཐབས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་སྣེ་ཁྲིད་བྱེད་པ། སྟོབས་ཤུགས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རྩལ་གྱི་ནུས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་ཉེན་ཁར་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་དུས་ཐོག་ཏུ་ཉེན་ཟོན་ཉེན་བརྡ་བཏང་ནས་སྣ་འདུས་ཐབས་བཟང་གི་དམག་འཐབ་ཡག་པོ་རྒྱག་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཐད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། དྲ་རྒྱའི་གྲངས་གཞིའི་མི་ཐབས་རིག་ནུས་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་མ་ལག་མགྱོགས་མྱུར་སྐྲུན་པ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
    ཚོགས་འདུའི་ཐོག 《རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་མ་ལག་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》དང《རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
   ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།