འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འབྲོང་རྔོན་མཁན་ལ་ཁྲིམས་ཐག་བཅད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་ས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་གོང་གཏུག་བྱས་པའི་སྟོངས་ཉེའི་བདག་མེད་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་བཏང་བའི་ཉེས་དོན་དང་། ཞོར་གཏོགས་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་གཉིས་ཀྱི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། བསྟན་ཆེ་གེ་མོ་དང་མགོན་ཆེ་གེ་མོ། བུ་ཆེ་གེ་མོ། བསོད་ཆེ་གེ་མོ་སོགས་ཞུ་སྦྱོར་ཕྱི་མ་བ་8ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བདག་མེད་སྲོག་ཆགས་འབྲོང་ལ་ཁྲིམས་འགལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་པས། སོ་སོར་དུས་བཀག་བཙོན་འཇུག་ལོ་བཞི་དང་ཟླ་དྲུག་ནས་ལོ་བཅུ་གཅིག་དང་ཟླ་དྲུག་བར་བྱ་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་ཁྱོན་སྒོར་ཁྲི་79ལྷག་ཙམ་དང་། དཔྱད་དཔོག་གསལ་འབྱེད་ཀྱི་འགྲོ་གྲོན་སྒོར་ཁྲི་8.8སྤྲོད་དགོས་པ་དང་། དེ་བཞིན་སྤྱི་ཚོགས་ལ་ཡོངས་བསྒྲགས་ཐོག་དགོངས་དག་ཞུ་དགོས་ཀྱི་ཡོད།
     2021ལོའི་ཟླ་11པ་དང་2022ལོའི་ཟླ་6པར། བསྟན་ཆེ་གེ་མོ་དང་མགོན་ཆེ་གེ་མོ། བུ་ཆེ་གེ་མོ། བསོད་ཆེ་གེ་མོ་སོགས་མི་8ཀྱིས་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་ཁྲ་ཨུ་མ་ས་ཁུལ་དུ་ཁྲིམས་དང་འགལ་ཏེ་འབྲོང་ཉི་ཤུ་ལྷག་ཙམ་རྔོན་པ་དང་སྐྱེལ་འདྲེན། ཕྱིར་འཚོང་། ཉོ་སྒྲུབ་བཅས་བྱས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་གྱི་རིན་ཐང་སྒོར་ཁྲི་1000ཟིན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་》གཞིར་བཟུང་། གྱོད་འབྲེལ་མི་8པོས་ཁོར་ཡུག་ལ་བཙོག་སྐྱོན་བཟོས་པ་དང་སྣོད་བཅུད་ལ་གཏོར་བཤིག་བཏང་བའི་དབང་གནོད་འགན་འཁྲི་ཁྲིམས་ལྟར་འཁུར་དགོས།
        གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གི་གྱོད་དོན་ཐག་གཅོད་མི་སྣས་ཉེས་དོན་དང་ཞོར་གཏོགས་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་གཉིས་ཁྲོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་རིན་ཐང་དཔྱད་དཔོག་བྱེད་པའི་དཀའ་གནད་ཆེ་ཤོས་དེར་དམིགས་ནས། ཕྱིའི་མིའི་བསམ་སྤྱོད་ལ་བརྟེན་གང་ཐུབ་བྱས་ནས་གྱོད་དོན་ཐག་གཅོད་ཀྱི་དཀའ་གནད་སེལ་བ་སྟེ། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པར་མངགས་བཅོལ་བྱས་པ་དང་། ཞིབ་འཇུག་ཁང་དེའི་ཁོར་ཡུག་གནོད་འཚེའི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིས་དུས་ཡུན་ཟླ་གཉིས་ལྷག་ཙམ་རིང་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པར་བརྟེན་ནས། རྒྱལ་ཡོངས་སུ་ཁྲིམས་དང་འགལ་ཏེ་འབྲོང་རྔོན་པ་ལས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་ཕོག་པ་དང་། ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་དོ་སྙོམས་ལ་ཤུགས་རྐྱེན་ཐེབས་པ། བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་འཚེ་བཏང་བར་གུན་གསབ་འཇལ་བ་སོགས་ཀྱི་ཐད་གཞི་གྲངས་ཚུད་པའི་《འབྲོང་གི་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཏང་བར་གུན་གསབ་འཇལ་བའི་རིན་ཐང་གསལ་འབྱེད་དཔྱད་དཔོག་སྙན་ཞུ་》ཐོག་མར་བཏོན་ཡོད། 
     གོང་གི་གྱོད་གཞི་གཉིས་ཀྱི་ནང་། འབྲོང་ཕྲུག་ཁྲིམས་འགལ་ངང་རྔོན་ནས་དེ་སྔའི་འཚོ་གནས་བྱ་ཡུལ་དང་འབྲོང་ཁྱུ་དང་ཁ་བྲལ་བའི་རྐྱེན་གྱིས་ཨ་ཆེན་གངས་རྒྱབ་ཁྲ་ཨུ་མ་ས་ཁུལ་གྱི་འབྲོང་གི་གྲངས་འབོར་ཉུང་དུ་ཕྱིན་པ་མ་ཟད། ད་དུང་ས་ཁུལ་དེའི་འབྲོང་སྐྱེ་འཕེལ་དང་འཚོ་གནས་ལ་ཤུགས་རྐྱེན་ངེས་ཅན་བཟོས་ཤིང་། འབྲོང་གི་དེ་སྔའི་འཚོ་གནས་བྱ་ཡུལ་གྱི་སྣོད་བཅུད་ཁོར་ཡུག་དོ་སྙོམས་ལ་གཏོར་བཤིག་ཐེབས་པས། དེས་མཚོ་བོད་མཐོ་སྒང་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོ་ངེས་རེད། 
     གསལ་འབྱེད་དཔྱད་དཔོག་སྙན་ཞུ་བཏོན་པ་དེས་བདག་མེད་འབྲོང་གི་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་རིན་ཐང་གི་གསལ་འབྱེད་དཔྱད་དཔོག་གནད་དོན་ཐག་གཅོད་ཐུབ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་འབྲེལ་ཡོད་རེ་འདུན་ཞུ་རྒྱུར་གཞི་གྲངས་ཀྱི་འདེགས་སྐྱོར་ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བ་དང་ལུགས་དང་མཐུན་པ་བཅས་མཁོ་འདོན་བྱས་ཡོད་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོང་བཅའ་ཁྲིམས་》ལག་བསྟར་བྱས་རྗེས། ཞིབ་དཔྱོད་ལས་ཁུངས་ཀྱིས་བདག་མེད་འབྲོང་གི་སྣོད་བཅུད་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་གཏིང་ཟབ་སྤེལ་བར་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་“མཚོ་སྔོན་གྱི་ཞིབ་དཔྱོད་ཇུས་གཞི་”མཁོ་འདོན་བྱས་པ་རེད།