འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁུ་ཁུ་ཤིས་རིར་གཙོད་ཕྲུག་བཙའ་བའི་ནམ་དུས་ཤར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་29ཉིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་གླིང་ཁུལ་གི་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར། མིག་སྔར་མཚོ་སྔོན་གྱི་ཁུ་ཁུ་ཤིས་རིར་གཙོད་ཕྲུག་བཙའ་བའི་ནམ་དུས་ཤར་ཡོད།
     གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། ལོ་རེའི་ཟླ་5པ་ནས་7པའི་བར་མཚོ་སྔོན་གཙང་གསུམ་ཆུ་འགོ་དང་། བོད་བྱང་ཐང་། ཤིན་ཅང་ཨར་ཅིན་ཧྲན་རི་བོ་སོགས་ནས་ཡོང་བའི་གཙོད་མ་ཁྱུ་གཅིག་རྗེས་གཉིས་མཐུད་ངང་ཁུ་ཁུ་ཤིས་རིའི་དབུས་རྒྱུད་ཀྱི་རྩོ་ནག་མཚོར་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད། ཟླ་7པའི་ཟླ་སྨད་ནས་བཟུང་གཙོད་ཕྲུག་བཙས་རྗེས་གཙོད་མས་གཙོད་ཕྲུག་ཁྲིད་ནས་དེ་སྔའི་འཚོ་གནས་ཁུལ་དུ་ཕྱིར་ལོག་བྱེད་ཀྱི་ཡོད།
     ཚེས་29ཉིན་གསར་འགོད་པས་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001གི་མཚམས་ནས་སྔ་དྲོའི་ཆུ་ཚོད་11ཙམ་ལ་གཙོད་མ་50ཙམ་གཞུང་ལམ་གྱི་གཞོགས་གཅིག་ཏུ་འདུས་པ་དང་ས་གནས་ས་ཐོག་གི་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཁ་བཀག་པ་དང་བསྟུན་ནས་རུ་སྣེ་ཁྲིད་མཁན་གཙོད་ཀྱིས་ཉེན་ཁ་མེད་པ་ཤེས་རྗེས་གཙོད་གཞན་གྱི་སྣེ་ཁྲིད་དེ་མགྱོགས་མྱུར་གཞུང་ལམ་སྒྲོལ་ནས་ཁུ་ཁུ་ཤིས་རིའི་དབུས་སུ་བསྐྱོད་པ་མཐོང་བྱུང་།
     གཙོད་གནས་སྤོ་བྱེད་པ་ནི་འཛམ་གླིང་གི་ཁྱབ་ཁོངས་སུ་ཆེས་བརྗིད་ཉམས་ལྡན་པའི་སྲོག་ཆགས་གནས་སྤོ་བའི་རྣམ་པ་ཞིག་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོ་ཁུལ་གྱི་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་སྨུག་པ་ལའི་སྲུང་སྐྱོང་ས་ཚིགས་ཀྱི་ལས་མི་འཇམ་དཔལ་རྡོ་རྗེས་གསར་འགོད་པར། གནམ་གཤིས་ལེགས་སུ་ཕྱིན་པ་དང་བསྟུན་ནས་མཚོ་བོད་གཞུང་ལམ་བརྒྱུད་རྩོ་ནག་མཚོར་འགྲོ་མཁན་གཙོད་མའི་གྲངས་འབོར་ཉིན་ཤས་བསྟུད་མར་མང་དུ་འགྲོ་བཞིན་ཡོད་ཅེས་བཤད།
     བསྡོམས་རྩིས་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་4ཚེས་26ཉིན་གནས་སྤོས་གཙོད་ཕྲུག་བཙའ་བའི་ནམ་དུས་ཤར་བ་ནས་ད་བར་མཚོ་བོད་གཞུང་ལམ་གྱི་སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་ཉེ་འགྲམ་དུ་གནས་སྤོ་བྱས་པའི་གཙོད་ཀྱི་གྲངས་འབོར་1000ལས་བརྒལ་བ་དང་ཉིན་གཅིག་ལ་གནས་སྤོ་བྱེད་པའི་གཙོད་ཀྱི་གྲངས་འབོར་མང་ཤོས་སུ་134ཟིན་གྱི་ཡོད།
     གནས་སྤོ་བྱེད་མང་བའི་དུས་སུ་གཙོད་གཞུང་ལམ་སྒྲོལ་བའི་རྣམ་པ་དེ་མཚོ་བོད་གཞུང་ལམ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། འཇམ་དཔལ་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གཙོད་མི་ཉུང་བ་ཞིག་ཁུ་ཁུ་ཤིས་རིའི་མཚོ་བོད་ལྕགས་ལམ་གྱི་ཝུའུ་པེ་ཟམ་ཆེན་གྱི་ཉེ་འགྲམ་དུ་འདུས་ནས་གཞུང་ལམ་སྒྲོལ་ཏེ་རྩོ་ནག་མཚོར་སྐྱོད་ཀྱི་ཡོད།
     ཁུ་ཁུ་ཤིས་རིའི་དོ་དམ་ཁྲུས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ལྟར་རྩོ་ནག་མཚོར་གཙོད་ཕྲུག་བཙའ་མཁན་གཙོད་མ་ཁྲི་3.5ཟིན་གྱི་ཡོད་པ་རེད།