འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་མཛེས་རིས་གསར་པ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་གསལ་ལེར་བསྟན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁྲང་ཡུས་དང་། ཧྲེ་ཀྲི་ཕུང་། སུང་ཧྲོང་།
     “2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཟླ་5ཚེས་23ཉིན་པེ་ཅིང་དུ་འཚོགས་ཤིང་། ཡན་ལག་གླེང་སྟེགས་སུ་ཀྲུང་ཕྱིའི་སྐུ་མགྲོན་ཚོས“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་བོད་དུ་ལག་བསྟར”དང་། “བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག” “བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ” “མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་གི་གཞོན་ནུའི་སྟོབས་ཤུགས” “གྲངས་འཛིན་དུས་རབས་སུ་བོད་ཀྱི་གཏམ་རྒྱུད་རྒྱལ་སྤྱིར་སྤེལ་བ”བཅས་གྲོས་གཞི་ལྔ་ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།
     “ལོ་70ལྷག་ཙམ་རིང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་བོད་དུ་རྒྱ་ཁྱབ་དང་། དངོས་འབྲེལ། གཏིང་ཟབ་བཅས་ཀྱི་འཕེལ་རྒྱས་བྱུང་སྟེ་ལེ་ལག་ཚང་བའི་ལམ་ལུགས་ཀྱི་བརྒྱུད་རིམ་ཡོད་པ་མ་ཟད། ལེ་ལག་ཚང་བའི་ལག་ལེན་ཡང་ཡོད་པས། དེ་ནི་འཁོར་འབྲེལ་ཧྲིལ་པོ་དང་། ཕྱོགས་ཡོངས། ཡོངས་ཁྱབ་བཅས་ཀྱི་དམངས་གཙོ་ཡིན་པ་དང་། ནང་དོན་དང་ངོ་བོ་གང་གི་ཐད་ནས་ཀྱང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རེད”ཅེས་བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི(བོད་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)གཞོན་པ་ཝང་ཆིང་ཤན་གྱིས་དེ་ལྟར་བརྗོད།
     པར་ཙིར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཏི་ཨའེ་ཀེས་ཉིན་འགའ་ཤས་རིང་བཅར་འདྲིར་བསྐྱོད་རྗེས། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཀྱི་གྲུབ་འབྲས་དངོས་སུ་མཐོང་བས། བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“བོད་དུ་སྤྱི་ཚོགས་ཀྱི་ལམ་ལུགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་ཀྲུང་གོའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད”ཅེས་བརྗོད།
     “དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་མཛེས་རིས་གསར་པ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་གསལ་ལེར་བསྟན་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་མིག་ལམ་དུའང་མངོན་ཡོད”ཅེས་སོ་མ་ལི་ནས་ཡིན་པའི་པེ་ཅིང་ཕྱི་སྐད་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་དབྱི་སི་མན་གྱིས་དེ་ལྟར་བརྗོད་པ་དང་། ཁོང་གིས། བོད་འཕེལ་རྒྱས་ཀྱི་ཉམས་མྱོང་རྩ་ཆེན་དག་ནི་དཔེ་ལྟ་ས་ཧ་ཅང་ཡག་པོ་ཞིག་རེད་ཅེས་བརྗོད།
     “དབུལ་ཕོངས་ཀྱི་གནད་དོན་སེལ་བར་བོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ནི་དངོས་གནས་ཧང་སངས་དགོས་པ་ཞིག་འདུག”ཅེས་ཀྲུང་གོར་བཅའ་སྡོད་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་སའེ་ཕེ·གཡོད་ཕུའུ་ལེ་ཏ·ཡིའུ་ལི་ཨོ་ཡིས་དེ་ལྟར་བརྗོད།
     ཕུན་སུམ་ཚོགས་པའི་དངོས་པོའི་རིག་གནས་ཀྱི་ཤུལ་བཞག་དང་། སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག རྒྱ་ཆེ་ལ་གཏིང་ཟབ་པའི་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་ཐོན་ཁུངས་བཅས་ནི་དུས་རབས་གསར་པའི་བོད་དར་རྒྱས་གོང་འཕེལ་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད་ལ། ཏང་དང་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་འོག་བོད་ཀྱི་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་པའི་རྨང་གཞིའི་ཐོག་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
     ནེ་པ་ལའི་ཨ་ཉི་ཀོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སར་པོ་ཐ་མུའུ·ཧྲི་ལུའེ་སི་ཐ་ཡིས་ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་བྱེད་པ་དང་། བོད་རིགས་ཀྱི《གླིང་སྒྲུང》འཚོལ་བསྡུ་ལེགས་སྒྲིག་དང་དཔེ་སྐྲུན་ལས་དོན་གྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས“གླིང་སྒྲུང་གི་ཆེད་ལས་སྒྲུང་པ་ཁ་ཐོར་དུ་གནས་པ་དང་ས་ཁོངས་རྒྱ་ཆེ་བས་འཚོལ་བསྡུ་བྱེད་པར་དཀའ་ངལ་ཆེན་པོ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། དེ་ལྟར་ཡིན་རུང་ཀྲུང་གོ་སྲིད་གཞུང་གིས་འདུ་འགོད་ཆེན་པོ་དེ་ལག་ལེན་བསྟར་ཡོད”ཅེས་བརྗོད།
     མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དེས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད། ཀྲུང་གོའི་རིམ་ཁག་སྲིད་གཞུང་གི་འབད་བརྩོན་འོག་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་ལས་མ་འདས་པར་བརྟན་དུ་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གཞོན་ནུ་ཚོས་སྐུལ་འདེད་ཇི་ལྟར་གཏོང་དགོས་མིན་སྐོར་གྲོས་བསྡུར་བྱེད་སྐབས། ཨ་རི་ནས་ཡོང་བའི་ཀྲུང་གོ་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཞུས་ཏ་ཝུའེ་ཡིས། གཞོན་ནུས་སྐྱེ་ཁམས་གནད་དོན་ལ་འཛིན་པའི་ལྟ་སྟངས་དང་མྱོང་ཚོར་ཟབ་ཏུ་བཏང་སྟེ“མཚོ་བོད་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་རྩ་ཆེའི་ཐོན་ཁུངས་ལ་དངོས་སུ་བལྟས་རྗེས་བློ་གཅིག་སེམས་གཅིག་གིས་བྱ་གཞག་དེའི་ནང་ཞུགས་རྒྱུ་ནི་གལ་ཆེ་ཤོས་རེད”ཅེས་བརྗོད།
     “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་ཡོད། “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མངོན་འགྱུར་བྱེད་པའི་ལག་ལེན་གྱི་ལས་སྟེགས་ཤིག་ཡིན་ལ། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མངོན་འགྱུར་བྱེད་པའི་ལག་ལེན་གྱི་ལས་སྟེགས་ཤིག་ཀྱང་ཡིན་པ་སྨོས་མེད་རེད”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤིང་ཀོང་ཁྲེང་གིས་དེ་ལྟར་བརྗོད།
     གྲངས་འཛིན་དུས་རབས་སུ་བོད་ཀྱི་གཏམ་རྒྱུད་ཡག་པོ་ཇི་ལྟར་ཤོད་དགོས་སམ་ཞེ་ན། དངོས་མཚོན་བརྙན་ཕབ་ནི་དམིགས་བསལ་ས་ཁོངས་ཀྱི་སྣང་བརྙན་གསར་བཟོ་དང་ཁྱབ་སྤེལ་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག་རེད། 《བོད་དུ་བསྐྱོད་པ·ས་མཐོའི་གླུ་དབྱངས》དང་། 《བོད་ཀྱི་བུ་མོ》 《ལྷ་ས་ཤེས་ཚོར》སོགས་དངོས་མཚོན་བརྩམས་ཆོས་ལས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བོད་ཀྱི་འཛུགས་སྐྲུན་གྲུབ་འབྲས་ཕྱོགས་ཡོངས་ནས་གང་ལེགས་མངོན་ཡོད། ཀྲུང་གོ་མི་དམངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀུའུ་ཡཱ་ཆིས་གྲངས་འཛིན་ལག་རྩལ་གྱི་བྱེད་ཐབས་མང་ཙམ་སྤྱད་དེ་ལྟད་མོ་བའི་མཐོང་ཐོས་མྱོང་གསུམ་གྱི་ཚོར་བ་ཟབ་ཏུ་གཏོང་བ་དང་། ཁྱབ་སྤེལ་གྱི་ཕན་འབྲས་ཆེ་རུ་བཏང་ནས་དུས་རབས་གསར་པའི“གསོན་ཤུགས་ཀྱིས་ཁེངས་པའི་བོད་ལྗོངས”ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
     (བསྟན་བློས་བསྒྱུར། པ་ཕན་དང་བསྟན་བློས་ཞུས)