འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་གསུམ་པར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་དུས་མཚུངས་ལས་44.0%འཕར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་གསུམ་པར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་4818ཟིན་པ་དེ་ཟླ་རེའི་དུས་མཚུངས་ལས་44.0%འཕར་ནས་ཁེ་ལས་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ་མངོན་ཡོད།
     རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་དོན། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་ལས། ཕྱི་རྒྱལ་གྱི་མ་འཇོག་ཚོང་པས་རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་ཡོང་བའི་གཏིང་ཤུགས་དང་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པ་མཐོང་བ་མངོན་པ་སྟེ། ཕྱོགས་གཅིག་ནས་རང་རྒྱལ་ལ་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་ཡོད་སྟབས་རྒྱལ་ཁབ་གཞན་གྱིས་འདྲ་བཟོ་བྱེད་མི་ཐུབ་པའི་དགོས་མཁོ་དང་མཁོ་སྤྲོད་ཀྱི་ལེགས་ཆ་ལྡན་པས་ཡིད་དབང་འགུགས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་ཟམ་མི་ཆད་པར་མངོན་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་དམིགས་ཚད་ཀྱི་ཁྲིད་སྟོན་ལ་བརྟེན་ནས་རང་རྒྱལ་གྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཟམ་མི་ཆད་པར་ཉུང་དུ་དང་མ་འཇོག་སྟབས་བདེ་ཡོང་ཚད་རིམ་བཞིན་མཐོ་རུ་བཏང་ནས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ལ་མཐོ་ས་གསར་པ་ཟམ་མི་ཆད་པར་བསྐྲུན་ནས་རྒྱ་ཆེར་བཏང་བ་དེས་སྔར་བས་མང་བའི་མ་འཇོག་གི་གོ་སྐབས་དང་ཉིན་བཞིན་ཇེ་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་ཐུབ་ནས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱི་གསོན་ཤུགས་སྔར་བས་འཕེལ་རྒྱུར་ལམ་ལུགས་ཀྱི་རྨང་གཞི་འདིང་ཐུབ་པ་བྱུང་ཡོད།
     (པ་སངས་ཚེ་རིང་གིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཚེས་ཞུས)