འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྦྱོང་དེབ་ཐོག་བྲིས་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་30ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
      མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞན་ཝུན་ཅིན་དང་། ཅིན་གཡོད་ཐུང་། ཀྲང་ཕོང་།
     མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་ལྟེ་བའི་རྒན་གསོ་ཁང་དུ་སྐྱོད་སྐབས་དྲོ་སྐྱིད་ལྡན་པའི་སྣང་བ་ཞིག་ངམ་ངམ་དུ་འཕྱུར། སྔོ་ཐིང་ཐིང་གི་སྐྱེ་ཁམས་ཤེལ་ཁང་ནང་བགྲེས་སོང་ཚོ་མིག་མངས་རྩེ་བཞིན་བློ་བདེ་བག་ཕེབས་ཀྱི་འཚོ་བར་རོལ་བཞིན་འདུག གསར་འགོད་པས་རྒན་གསོ་ཁང་གི་འཚོ་བའི་སྐོར་གླེང་སྐབས་ཚང་མས་འཚང་ཁ་ཤིག་ཤིག་ངང་རང་རང་སོ་སོའི་གཏམ་རྒྱུད་ཤོད་པར་བྲེལ་ལ་བརྩེ་བ་ཟབ་མོས་མིག་ལ་མཆི་ཞག་འཁོར། སྐབས་དེ་དུས་གསར་འགོད་པས་གཏམ་རྒྱུད་འདི་འདྲ་ཞིག་ཐོས་པ་སྟེ།
     འདི་ལོའི་ཟླ་1ཚེས་25ཉིན་གྱི་སྔ་དྲོར། དར་ལག་རྫོང་ལྟེ་བའི་རྒན་གསོ་ཁང་གི་ཡོན་ཀྲང་བསོད་ནམས་དར་རྒྱས་གཞུང་ལས་ཁང་ནས་ཐོན་མ་ཐག་མགུ་གྲགས་དང་འཕྲད་པ་མ་ཟད། འཚམས་འདྲི་ཡང་བྱེད་ཁོམ་མ་བྱུང་བར་ཁོ་པས་སྔོན་ལ་སྐད་ཆ་བཤད།
     “ཡོན་ཀྲང་ལགས། ང་ཚོས་ཡི་གེ་གཅིག་བྲིས་པ་ཡིན”ཞེས་མགུ་གྲགས་ཀྱིས་ཤོད་བཞིན་དུ་པ་ཀིའི་ནང་ནས་སྦྱོང་དེབ་ཅིག་བཏོན།
     བསོད་ནམས་དར་རྒྱས་བསམ་ཡུལ་ལས་འདས་ཤིང་ཚུར་བླངས་ནས་ལྟ་ཙམ་བྱས་པ་ན་དེ་ནི་ཤོག་གྲངས་འགའ་ལས་ལྷག་མེད་པའི་སྦྱོང་དེབ་རྙིང་པ་ཞིག་ཡིན་ཞིང་། དེའི་སྟེང་དུ་ཡིག་གཟུགས་ལེགས་པོས་འཕྲིན་ཡིག་ཅིག་བྲིས་ཡོད།
     “རྒན་གསོ་ཁང་གི་ཚབ་ཞུས་ཏེ་ཏང་དང་སྲིད་གཞུང་དང་ལྷག་དོན་དུ་དར་ལག་རྫོང་གི་འགོ་ཁྲིད་དང་། རྒན་གསོ་ཁང་གི་ནད་གཡོག མ་བྱན་དང་ལས་ཀ་བྱེད་མཁན་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་འཁོད་འདུག
     མགུ་གྲགས་འདི་ལོ་ལོ་57ལ་སླེབས་པ་དང་། དེ་སྔོན་བཟའ་ཟླ་གཡུ་རིས་དང་མཉམ་དུ་དར་ལག་རྫོང་དཔོན་སྐོར་ཞོལ་མ་ཤང་བྲག་དཀར་གྲོང་ཚོར་སྡོད་ཀྱི་ཡོད། ཕྱུགས་འཚོའི་ཡོང་འབབ་དང་རྩྭ་རའི་ཁ་གསབ་དངུལ་ཡོད་པར་བརྟེན་བཟའ་ཚོ་གཉིས་ཀྱི་འཚོ་བར་དཀའ་ངལ་དེ་ཙམ་མེད། འོན་ཀྱང་གཡུ་རིས་ཀྱི་མིག་གཡས་པར་སྐྱ་འགྲིབ་ཕོག་པས་ཁོང་གཉིས་ཀྱི་འཚོ་བར་དཀའ་ངལ་ངེས་ཅན་འཕྲད།
     ལོ་གཉིས་གོང་གི་དབྱར་ཁ་དེར་ཤང་གི་གོང་ཞུ་བྱས་པའི་གནས་ཚུལ་འབྱོར་རྗེས། བསོད་ནམས་དར་རྒྱས་དང་མི་ཁ་ཤས་ཀྱིས་ཆེད་མངགས་རྫོང་ནས་སྤྱི་ལེ་100ལྷག་ཙམ་ཡོད་པའི་གྲོང་ཚོ་དེར་ཡོང་ནས་བུ་ཕྲུག་ལྟ་རྟོག་བྱེད་མཁན་མེད་པའི་མགུ་གྲགས་དང་གཡུ་རིས་གཉིས་རྒན་གསོ་ཁང་དུ་བསུ་བའི་བསམ་བློ་འཁོར།
     བསོད་ནམས་དར་རྒྱས་ཀྱིས་རྒན་གསོ་ཁང་གི་གནས་ཚུལ་ངོ་སྤྲོད་བྱས་རྗེས། མགུ་གྲགས་དང་གཡུ་རིས་གཉིས་དགའ་ཐག་ཆོད་ཅིང་ཡིད་ཆེས་བྱེད་དཀའ་བར་གྱུར།
     “དེ་མིན་ན་ཁྱོད་གཉིས་ཀྱིས་སྔོན་ལ་ཉིན་འགའ་ཚོད་ལྟ་ཞིག་བྱོས་དང་། ཏག་ཏག་མ་བསྡད་ན་ངས་ཁྱོད་ཚོ་ཚུར་བསྐྱལ་ཆོག”ཅེས་ཁོང་ཚོའི་བློ་མི་བདེ་བའི་བསམ་པ་ཤེས་རྗེས་བསོད་ནམས་དར་རྒྱས་ཀྱིས་དེ་ལྟར་གྲོས་འགོ་བཏོན།
     དེ་ལྟར་མགུ་གྲགས་དང་གཡུ་རིས་ཀྱིས་གྱོན་ཆས་བརྗེ་ལེན་ཁག་གཅིག་ཁྱེར་ནས་དར་ལག་རྫོང་རྒན་གསོ་ཁང་དུ་སྤོས།
     “ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀར་ལངས་རྗེས་གདོང་བཀྲུས་ནས་ཟ་ཁང་དུ་ཞོགས་ཟས་ཟ་བར་འགྲོ་ཆོག”རྒན་གསོ་ཁང་གི་ཉིན་གཅིག་གི་ལྟོ་དུས་གསུམ་པོ་དུས་ཐོག་ཏུ་ཡོད་པ་དང་དགོང་མོ་ད་དུང་ལྟོ་དུས་ཐོལ་པ་གཅིག་ཡོད། ལས་ཀ་མེད་ཚེ་བྱེད་སྒོ་ཁང་དུ་སྦྱོང་བརྡར་ལ་འགྲོ་ཆོག་པ་མ་ཟད། སྐྱེ་ཁམས་ཤེལ་ཁང་དུ་རྒན་རྒོན་གཞན་དང་མཉམ་དུ་མིག་མངས་ཀྱང་རྩེ་ཆོག གཟུགས་པོ་བདེ་པོ་མེད་པའི་སྐབས་སུ་གོམ་པ་ཁ་ཤས་ཕྱིན་ན་སྨན་ཁང་ལ་སླེབས་པ་དང་། གྱོན་གོས་བཙོག་པ་བསྡུ་ལོང་མ་བྱུང་ཡང་ནད་གཡོག་གིས་ཁྱེར་ནས་འཁྲུ་གི་ཡོད།
     ཉིན་གསུམ་གྱི་རྗེས་སུ་སེམས་ཁྲལ་རུམ་གང་ཁྱེར་ནས་རྒན་གསོ་ཁང་དུ་ཆས་པའི་མགུ་གྲགས་ཀྱིས་གྲོང་ཚོར་ལོག་ནས་ནོར་ལུག་རྣམས་བཙོངས་རྗེས་བློ་བདེ་པོས་རྒན་གསོ་ཁང་དུ་སྤོས།
     དོན་དངོས་ཐོག་2017ལོར་བསྐྲུན་པ་དང་2019ལོའི་ཟླ་བརྒྱད་པར་དངོས་སུ་གཉེར་སྐྱོང་བྱས་པའི་རྒན་གསོ་ཁང་དེས་མགུ་གྲགས་ཙམ་མ་ཟད་ཁོང་དང་འདྲ་བའི་བགྲེས་སོང་106གཅིག་སྡུད་ལྟ་སྐྱོང་བྱེད་བཞིན་ཡོད།
     “མི་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་ཞབས་ཞུ་ཡག་པོ་དེ་འདྲ་མཁོ་འདོན་བྱས་བྱུང”འབྲེལ་མི་ཆགས་པའི་ཚིག་སྦྱོར་ལ་བལྟས་རྗེས། བསོད་ནམས་དར་རྒྱས་གད་མོ་བགད་བཞིན་སེམས་འགུལ་ཡང་ཚད་མེད་ཐེབས།
     དོན་དངོས་ཐོག་2020ལོའི་ཟླ་བདུན་པར་རྒན་གསོ་ཁང་དུ་ལས་ཀ་བྱེད་པར་མ་ཡོང་གོང་ལོ་30ཡང་མ་སླེབས་པའི་ན་གཞོན་དེས་རང་ཉིད་དང་རྒན་རྒོན་མང་པོ་དེ་འདྲའི་དབར་བརྩེ་དུང་ཟབ་མོ་དེ་འདྲ་སླེབས་ཀྱི་ཡོད་པ་བསམ་བློའི་ཡུལ་ལའང་འཁོར་མྱོང་མེད། སྐབས་དེ་དུས་ཁོང་ད་དུང་དམངས་སྲིད་ཅུས་སུ་གཉེན་སྒྲིག་ཐོ་འགོད་ཀྱི་ལས་ཀ་བྱེད་ཀྱི་ཡོད། ལས་ཀ་དེ་དང་ལེན་བྱས་རྗེས་བསོད་ནམས་དར་རྒྱས་ཀྱིས་རང་ཉིད་ལ་དམིགས་ཡུལ་ཞིག་གཏན་འཁེལ་བྱས་པ་དེ་ནི་རྒན་རྒོན་མང་ལ་ལས་འགན་ལྕི་བས་ཁོང་ཚོར་ངེས་པར་དུ་ལྟ་རྟོག་ཡག་པོ་བྱེད་དགོས་པ་དེ་ཡིན།
     ཁ་བཤད་སླ་ཡང་ལག་བསྟར་དཀའ། རྒན་གསོའི་ལས་ལ་ཆ་རྒྱུས་མེད་པའི་བསོད་ནམས་དར་རྒྱས་ཀྱིས་ལས་རོགས་ཚོ་དང་མཉམ་དུ་གྲོས་བསྡུར་བྱེད་མང་ཤོས་ནི་ཇི་ལྟར་བྱས་ཏེ་སྤུས་ཚད་མཐོ་པོས་རྒན་གསོ་ཁང་གི་གཏན་འཁེལ་ལས་ཀ་ལེགས་སྒྲུབ་དང་ཆབས་ཅིག་རྒན་རྒོན་ཚོའི་དགོས་མཁོར་གཞིགས་ནས་གང་བྱེད་དགོས་མིན་དེ་རེད།
     དར་ལག་རྫོང་སྨན་བཅོས་ལུས་གསོ་ལྟེ་གནས་བསྐྲུན་རྗེས། དར་ལག་རྫོང་སྨན་རྩིས་ཁང་དུ་མཉམ་དུ་སྨན་བཅོས་ཞབས་ཞུའི་གྲོས་མཐུན་བཞག་ཅིང་། ལྟེ་བའི་རྒན་གསོ་ཁང་དུ་བོད་སྨན་གྱི་བཅོས་ཐབས་28བཀོད་སྒྲིག་བྱས་ཁར། ད་དུང་སྨན་པ་གཟའ་འཁོར་རེར་ཡོང་བའི་ལམ་ལུགས་བཟོས་ནས་རྒན་རྒོན་ལ་རིན་མེད་སྨན་བཅོས་དང་། ལུས་གསོའི་བདག་སྐྱོང་། རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་སོགས་ཀྱི་ཞབས་འདེགས་མཁོ་འདོན་བྱས་པ་དང་། མ་ཟད“གཟའ་འཁོར་རེར་སློབ་ཚན་གཅིག”དང“རྒན་རྒོན་གྱི་ཡིག་རྨོངས་སེལ་བའི་འཛིན་གྲྭ”ཡང་བཙུགས་ཤིང་། གཟའ་འཁོར་རེར་ལས་དོན་མི་སྣ་དང་དང་བླངས་པས་རྒན་རྒོན་ལ་བདེ་ཐང་རྒན་གསོ་དང་། རྒན་གསོའི་ཁ་བསླུས་སྔོན་འགོག རིག་ནུས་ལག་ཐོགས་ཁ་པར་བེད་སྤྱོད་སོགས་ཀྱི་ནང་དོན་སློབ་ཁྲིད་བྱེད་ཀྱི་ཡོད།
     འབད་བརྩོན་བྱས་པའི་གྲུབ་འབྲས་ནི་ཞིང་ཆེན་དེ་ཡོངས་ཀྱི་སྐར་གསུམ་རིམ་པའི་རྒན་གསོ་ཁང་གི་སྒོ་བྱང་གཅིག་པུ་དེ་ག་ལ་ཡིན།
     ན་ནིང་ཟླ་བརྒྱད་པར་བསོད་ནམས་དར་རྒྱས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རུ་དུས་ཡུན་ཉིན་17གྱི་གསོ་སྦྱོང་ཞིག་ལ་ཞུགས་པ་དང་། དང་ཐོག་ཁོང་གཞུང་དོན་དུ་ཕྱིར་སོང་བ་ཤེས་པས་རྒན་རྒོན་ཚོས་ཀྱང་སྐད་ཆ་མང་པོ་དྲིས་མེད། འོན་ཀྱང་ཉིན་བཅུ་ལྷག་ཁོང་མཐོང་རྒྱུ་མེད་པར་བརྟེན་ཚང་མས་དངངས་སྐྲག་ཆེན་པོས་ལས་དོན་མི་སྣ་སྙན་གྲགས་དང་ལྷ་མོ་མཚོ་བཙལ་ནས་སྐད་ཆ་ཐེངས་མང་དྲིས།
     “ཡོན་ཀྲང་ད་དུང་ལོག་མ་ཡོང་བ་ག་རེ་ཡིན་ནམ”
     “ད་རེས་རྒྱུན་རིང་པོ་དེ་འདྲ་ཕྱིན་པའི་རྒྱུ་མཚན་གང་ཡིན”
     “ཡོན་ཀྲང་ལས་གནས་བསྒྱུར་པ་ཨེ་ཡིན”
     རྒན་རྒོན་ཚོས་སྐད་ཆ་དྲིས་ཀྱིན་དངངས་འཚབ་ཀྱང་ཇེ་ཆེར་ཕྱིན་པས། སྙན་གྲགས་ཀྱིས་ཐད་ཀར་བསོད་ནམས་དར་རྒྱས་ལ་ཁ་པར་བརྒྱབ་པ་ན། ཁོ་རང་ལམ་སེང་ལོག་ཡོང་གི་ཡོད་པ་ཐོས་པས་རྒན་རྒོན་ཚོ་བློ་བདེ་པོ་ཆགས།
     “ཡོན་ཀྲང་ལགས། སྐད་ཆ་འདི་ལ་ང་ཚོས་གྲོས་བསྡུར་ཉིན་ཁ་ཤས་བྱས་པ་ཡིན་ལ་ཚང་མའི་བསམ་ཚུལ་ཡང་ཡིན”ཞེས་མགུ་གྲགས་ཀྱིས་བཤད་པ་དང་། བསོད་ནམས་དར་རྒྱས་ཀྱི་མིག་ཟུང་བསྐྱར་དུ་སྦྱོང་ཚན་འབྲི་དེབ་ལ་ཕྱོགས།
     “ང་ཚོ་རྒན་གསོ་ཁང་དུ་སླེབས་རྗེས་དཀའ་ངལ་ཐག་གཅོད་ཐུབ་པ་དང་སེམས་ཁྲལ་གང་ཡང་མེད། སྙིང་ཐག་པ་ནས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ”
     ཐུགས་རྗེ་ཆེ་མི་ཞུ་ག་ལ་སྲིད་ཨང་།
     རྒན་གསོ་ཁང་དུ་མ་ཡོང་གོང་ལོ་བདུན་ཅུ་ལྷག་ཡིན་པའི་དགའ་བློ་དང་བཟའ་ཟླ་འབྲུག་མོ་གཉིས་དཔོན་སྐོར་ཞོལ་མ་ཤང་དུ་སྡོད་ཀྱི་ཡོད། བུ་ཕྲུག་མེད་པའི་ཁོང་གཉིས་ལ་ལྟ་སྐྱོང་བྱེད་མཁན་མེད་པ་མཐོང་བས་ཤང་སྲིད་གཞུང་གི་ལས་དོན་མི་སྣས་ཁོང་གཉིས་རྒན་གསོ་ཁང་དུ་བསྐྱལ་བ་རེད། དེ་གའི་ཟ་མའི་སྐོར་གླེང་སྐབས་རྒྱ་སྐད་དེ་ཙམ་མི་ཤེས་པའི་དགའ་བློས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས།
     ལོ་75ལ་སླེབས་པའི་དཀར་ལོར་གྲུམ་བུའི་ནད་ཡོད་པས་རྒན་གསོ་ཁང་དུ་སླེབས་རྗེས་རྒན་གསོ་ཁང་དུ་གསེར་ཁབ་དང་དངོས་བཅོས་བྱས་པས་ནད་གཞི་ཇེ་དྲག་ཏུ་སོང་ཡོད།
     འདི་ལོའི་ཟླ་གཉིས་པར་གཡུ་རིས་ལ་དེ་གའི་རྒན་རྒོན་བདུན་དང་མཉམ་དུ་ལས་དོན་མི་སྣའི་རོགས་རམ་ལ་བརྟེན་ནས་སྐྱ་འགྲིབ་གཤགས་བཅོས་བྱས་པས་འཚོ་བའི་ཐད་དེ་སྔོན་ལས་སྟབས་བདེ་རུ་ཕྱིན་ཡོད།
     སྦྱོང་ཚན་དེབ་སྟེང་བྲིས་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེར་ཡིག་འབྲུ་མང་པོ་མེད་ནའང་བསོད་ནམས་དར་རྒྱས་ཡུན་རིང་པོར་དགའ་ཚོར་གྱིས་ཁེངས། ཁོང་གིས་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་ཡིག་དེ་ལས་སྒྲུབ་ཀྱི་སྐད་འཕྲིན་ཚོགས་པའི་ནང་དུ་བསྐུར་བས་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས།
     གཏམ་རྒྱུད་གླེང་མཚམས་འདིར་སླེབས་སྐབས་གསར་འགོད་པའི་སེམས་ནང་ཡང་སྙིང་བསོད་ནམས་དར་རྒྱས་ཀྱི་ཚད་ལྡན་རྒན་གསོ་ཁང་གི་ཚད་གཞི་ཇི་ལྟ་བུ་ཞིག་ལ་འཇོག་གི་ཡོད་དམ་སྙམ།
     “ངས་བལྟས་ན་ཚད་གཞི་ཧ་ཅང་སྟབས་བདེ་པོ་རེད། རྒན་རྒོན་ཚོ་འདི་གར་འཚོ་བ་སྐྱིད་པོ་ཡོད་མེད་དང་སེམས་པ་སྐྱིད་པོ་ཡོད་མེད་དེ་རེད་སྙམ”ཞེས་བསོད་ནམས་དར་རྒྱས་ཀྱིས་བཤད་པ་རེད།
     (བདེ་སྐྱིད་དབང་མོ་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)