འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བློ་མཐུན་ཞི་ཅིན་ཕིང་གི《ཚན་རྩལ་རང་ཚུགས་རང་དར་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཚན་རྩལ་རང་ཚུགས་རང་དར་སྐོར་གླེང་བ》ཞེས་པ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
    ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་འདིའི་ནང་ཚན་རྩལ་རང་ཚུགས་རང་དར་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཁག་50བསྡུས་ཡོད་ཅིང་། དེའི་ནང་གི་རྩོམ་ཡིག་ཁ་ཤས་ཡོངས་བསྒྲགས་སྤེལ་ཐེངས་དང་པོ་ཡིན་པ་རེད།
    ཚན་རྩལ་རང་ཚུགས་རང་དར་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་བའི་རྨང་གཞི་དང་བདེ་འཇགས་ཡོང་བའི་གནད་འགག་ཅིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གསར་གཏོད་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་རྒྱལ་ཁབ་འཕེལ་རྒྱས་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་པ། ཚན་རྩལ་གསར་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་ཇུས་འགོད་བྱེད་པ། ཚན་རྩལ་རང་ཚུགས་རང་དར་ལ་གང་མགྱོགས་སྐུལ་འདེད་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་ཡོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་པས་གསར་གཏོད་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ་གསར་གཏོད་རྣམ་པའི་རྒྱལ་ཁབ་གྲས་སུ་སླེབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང་། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་རླབས་རྒྱུན་སྟངས་འཛིན་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་བྱུང་བའི་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་གནས་བབ་གལ་ཆེན་ལ་གསལ་བཤད་གཏིང་ཟབ་གནང་བ་དང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཚད་དང་། གཙོ་གནད་ལས་འགན། བྱེད་ཐབས་གལ་ཆེན། གཞི་རྩའི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ། བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། དེ་ང་ཚོས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་སྐྲུན་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་ཡོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།