འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡིས“ཐོ་འགོད་དཀའ་བའི”གནད་དོན་སེལ་བའི་གཏན་འཁེལ་དམིགས་ཚད་ལེགས་སྒྲུབ་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་29ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཀན་སུའུ་ཞིང་ཆེན་གཞུང་ཁོངས་ས་ཆའི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོངས་ཟིན་པའི་སྡོད་ཁང་ལོ་རྒྱུས་ཀྱི་ཤུལ་ལུས“ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་འགོ་ཁྲིད་ཚོགས་ཆུང་གི(རྒྱ་ཆེའི)ཚོགས་འདུ་ཐེངས་བདུན་པ་ནས་ཤེས་རྟོགས་བྱུང་བར། 2021ལོའི་ཟླ་8པར་ཞིང་ཆེན་ཡོངས་ཀྱིས་གཞུང་ཁོངས་ས་ཆའི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོངས་ཟིན་པའི་སྡོད་ཁང་ལོ་རྒྱུས་ཀྱི་ཤུལ་ལུས“ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་བྱེད་པའི་ཆེད་དོན་ལས་དོན་སྤེལ་ཚུན། རིམ་རྩིས་བྱས་ན་སྡོད་ཁང་ཁྲི་85.23ཐོག་མར་ཐོ་བཀོད་པ་དང་ཐོག་མར་ཐོ་འགོད་ཐག་གཅོད་བྱེད་ཚད་96.49%ཟིན་ནས། ལག་ཁྱེར་གཉེར་འདོད་ཡོད་པའི་མང་ཚོགས་མང་ཆེ་བར《བརྟན་ནོར་ཁེ་དབང་ལག་ཁྱེར》རག་པ་ལས། ཀན་སུའུ་ཡིས“ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་བྱེད་པའི་ལས་དོན་གྱི་གཏན་འཁེལ་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་ཟིན་པ་མཚོན་ཡོད།
    ཡུན་རིང་ཚུན་དུ། འཛུགས་སྐྲུན་བྱེད་པོ་གར་སོང་ཆ་མེད་དུ་གྱུར་པ་དང་། ས་ཆའི་འགྲོ་ལུགས་ཆ་ཚང་པོ་མེད་པ། ས་ཆ་ནང་བཤུག་གཏོང་བའི་རིན་འབབ་དང་འབྲེལ་ཡོད་ཁྲལ་དངུལ་ཆད་པ་སོགས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་གྱིས་རྐྱེན་པས་བརྟན་ནོར་ཁེ་དབང“ཐོ་འགོད་དཀའ་བར”གྱུར་ནས། མང་ཚོགས་གཞིས་ཆགས་དང་། བུ་ཕྲུག་སློབ་ཞུགས། ཁང་པ་ཉོ་བ་བཅས་ལ་ཤུགས་རྐྱེན་ཐེབས་ཏེ“གཅོང་ནད”ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ་དང་། གཞུང་ཁོངས་ས་ཆའི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོངས་ཟིན་པའི་སྡོད་ཁང་ལོ་རྒྱུས་ཀྱི་ཤུལ་ལུས“ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་བྱེད་པ་དམངས་འཚོའི་གཙོ་གནད་རྣམ་གྲངས་གལ་ཆེན་གྱི་གསལ་ཐོར་བཅུག་ནས། ཚུགས་གནས་མཐོ་པོས་བཀོད་སྒྲིག་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་ལག་ཁྱེར་གཉེར་བ་རེད།
    མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་སྟེགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཞིང་ཆེན་ཐད་གཏོགས་ཚན་པ་12ཀྱི་ཐེམ་ཐོ་དང་། གཉེན་སྒྲིག ཁྲོམ་རའི་བྱེད་པོ་སོགས་ཀྱི་ཆ་འཕྲིན་མཉམ་མཐུད་མཉམ་སྤྱོད་ཐུབ་པ་དང་། གཏན་འཇགས་རྒྱུ་ནོར་ཐོ་འགོད་དཔྱད་ཡིག་འདྲི་རྩད་དང་། གཏའ་མ་ཐོ་འགོད། སྔོན་བརྡའི་ཐོ་འགོད་བཅས་སྒྲུབ་མང་བའི་ལས་སྒོ་ཁག་3“ཞིང་སྒྲོལ་ཀུན་སྒྲུབ”ཐུབ་པ། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན“ཐོ་འགོད་དཀའ་བའི”གནད་དོན་ཡོད་པའི་སྡོད་ཁང་ཁྲི་86.91ལ་གྲལ་བཤེར་བྱས་ཏེ་སྤྱིའི་ཐོ་འགོད་ཚད་88.54%ཟིན་པ་དང་ཆབས་ཅིག “ཁང་པ་རྩིས་སྤྲད་རྗེས་ལག་ཁྱེར་འཕྲལ་མར་སྤྲོད་པའི”ཚོད་ལྟའི་རྫོང་12ཀྱི་ཚོད་ལྟའི་རྣམ་གྲངས་87གཞི་རྩའི་ཆ་ནས་སྔོན་དཔག་དམིགས་ཚད་དུ་སླེབས་ཏེ་ཁང་པ་ཁྲི་5.7ལ“ཁང་པ་རྩིས་སྤྲད་རྗེས་ལག་ཁྱེར་འཕྲལ་མར་སྤྲད”ཡོད་པ་རེད།