འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་28ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་5ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཆི་སའེ་ཁེ་ཏིར་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
ཟླ་5ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཆི་སའེ་ཁེ་ཏིར་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཉིས་ཁེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁོང་ཀོ(ཅིན)རྒྱལ་ཁབ་གཉིས་པོས་མི་རིགས་བཅིངས་འགྲོལ་བརྩོན་ལེན་གྱི་ལས་འགུལ་དང་མི་སེར་སྤེལ་བའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་བཙུགས་ཡོད་པས། ཐུན་མོང་གི་གཏམ་གླེང་རྒྱ་ཁྱབ་ལྡན་ལ་དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱེད་མཁན་གྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ། ཀྲུང་གོ་འདི་ཉིད་ལོ་མང་བསྟུད་མར་ཁོང་ཀོ(ཅིན)ཡི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཕྱི་རྒྱལ་གྱི་མ་དངུལ་ཡོང་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་ཕྱོགས་གཉིས་པོའི་ཁེ་ཕན་གཅིག་མཐུན་འདུས་གྲུབ་དང་ལས་དབང་གཅིག་མཐུན་འདུས་གྲུབ་དེ་བས་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཉམས་མྱོང་ལས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་དབང་ཆ་ཡོད་ལ་ནུས་པའང་ཡོད་པ་གསལ་བཤད་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་དར་རྒྱས་ཀྱི་ལམ་བུར་ཕན་ཚུན་རྒྱབ་སྐྱོར་དང་། ཐུན་མོང་ཐོག་མཉམ་ལས་དོན་གཉེར། ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད། ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཁོང་ཀོ(ཅིན)ལ་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་དང་ཁྲོམ་ར་དེ་བས་རྒྱ་ཆེ་བ་མཁོ་འདོན་ཐུབ་ནས་ཕྱོགས་གཉིས་པོའི་འབྲེལ་བ་དེ་བས་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཁོང་ཀོ(ཅིན)ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་དང་། ཁོང་ཀོ(ཅིན)ཡི་བཟོ་ལས་ཅན་གྱི་འཐབ་ཇུས་ལ་རྒྱབ་སྐྱོར། ནུས་རྒྱུ་དང་། གཏེར་ཐོན། ཞིང་ལས། རྨང་གཞིའི་སྒྲིག་བཀོད། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན། གྲངས་འཛིན་དཔལ་འབྱོར་དང་། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བཅས་བྱ་རྒྱུ་ཡིན་ལ། ཁོང་ཀོ(ཅིན)ལ་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གཏོང་འདོད་ཡོད། ཁོང་ཀོ(ཅིན)ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཁོང་ཀོ(ཅིན)རུ་མ་འཇོག་ལས་དར་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུར་སྟབས་བདེ་བསྐྲུན་ནས་དྲང་གཞག་དང་། དྲང་བདེན། བདེ་འཇགས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་ལས་དོན་ཁྲོད་ཁོང་ཀོ(ཅིན)ཕྱོགས་དང་མཉམ་དུ་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་། ཨ་ཧྥེ་རི་ཁ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་མང་བའི་སྐམ་ས་ཆེ་མོ་ཞིག་ཡིན་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་བཟུང་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁས་སྔོན་ཆད་ཀྱི་དུས་གང་རུང་ལས་ཀྱང་མཐུན་སྒྲིལ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་མཐའ་འཁྱོངས་དང་དར་སྤེལ་བཏང་ནས་རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་ཤེད་ཆབ་སྲིད་མཐའ་དག་ལ་ངོ་རྒོལ་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁས་རང་བཙན་རང་བདག་གི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་ཨ་ཧྥེ་རི་ཁ་འདི་ཉིད་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། ཤེས་དཔལ་བཅས་ཀྱི་གླིང་ཆེན་གལ་ཆེན་དུ་འགྱུར་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གོ་སྐབས་གསར་པ་མཁོ་འདོན་དང་། ཨ་ཧྥེ་རི་ཁའི་སྤུན་ཟླ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཏ་ཁར་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཨ་ཧྥེ་རི་ཁའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ཏེ་མཉམ་དུ་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།
    ཆི་སའེ་ཁེ་ཏིས། ངས་ཁོང་ཀོ(ཅིན)མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་སླར་ཡང་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བསྟུད་མར་བཞེས་པར་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཁོང་ཀོ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ལ་དུས་ཚོད་ཀྱི་ཚོད་བགམ་ཐེག་པ་དང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད་པས། ཕྱོགས་གཉིས་པོས་ཐུན་མོང་ཐོག་གཅེས་འཛིན་བྱེད་འོས་པ་ཞིག་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཁོང་ཀོ་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་གལ་ཆེན་དང་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཀོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། ཐོན་ཁུངས། རྨང་གཞིའི་སྒྲིག་བཀོད། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁོང་ཀོ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཁོང་ཀོ་དང་ཀྲུང་གོའི་དབར་གྲུབ་འབྲས་ལྡན་ལ་བརྟན་པ་དང་གསར་གཏོད་རང་བཞིན་ལྡན་པའི་འབྲེལ་བ་འཛུགས་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་མ་འཇོག་དང་། ལྗང་མདོག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
    ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཆི་སའེ་ཁེ་ཏིར་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
    ཆི་སའེ་ཁེ་ཏི་འབྱོར་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་སུ་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཁོང་ཀོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཆི་སའེ་ཁེ་ཏིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་དཔུང་ཁག་བགོས་ལ་གཟིགས་པ་རེད།
   ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་ཆི་སའེ་ཁེ་ཏིའི་སྐུ་ཟླ་ཏན་ཉི་སིས་ཕེབས་བསུ་ཞུ་བའི་མཛད་སྒོར་ཕེབས་རོགས་ཞུས་ཤིང་། ཉིན་དེའི་དགོང་མོ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཆི་སའེ་ཁེ་ཏི་དང་སྐུ་ཟླ་ཏན་ཉི་སིར་ཕེབས་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།