༄༅།།མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པ་2023ལོའི་ཟླ་7ཚེས་8
ཉིན་ཟི་ལིང་གྲོང་ཁྱེར་དུ་འགོ་འཛུགས་རྒྱུ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་28ཉིན། 10:43】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པ་2023ལོའི་ཟླ་7ཚེས་8ཉིན་ཟི་ལིང་དུ་འགོ་འཛུགས་མཛད་སྒོ་འཚོག་རྒྱུ་ཡིན་པ་དང་ཟླ་7ཚེས་9ཉིན་ནས་ཚེས་16ཉིན་བར་ཞིང་ཆེན་ནང་ཁུལ་དུ་འགྲན་བསྡུར་བྱ་རྒྱུ་དང་ཚེས་16ཉིན་གྱི་དགོང་མོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་མཇུག་འགྲིལ་མཛད་སྒོ་འཚོག་རྒྱུ་རེད། འགྲན་བསྡུར་ལ་ཁྱོན་དུམ་བུ་8ཡོད་པ་དང་སྤྱིའི་བར་ཐག་ལ་སྤྱི་ལེ་1344ཡོད་པའི་ནང་འགྲན་བསྡུར་གྱི་བར་ཐག་སྤྱི་ལེ་1294དང་། འགྲན་ལམ་བརྗེ་སྒྱུར་སྤྱི་ལེ་50ཟིན་ཡོད། ལམ་ཐིག་ནང་ཐང་གཤོང་དང་། རི་མ་ཐང་། དེའུ་འབུར་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་ཅིང་། ས་བབ་མཐོ་ཤོས་སྨི་4120དང་ཆ་སྙོམས་ས་བབ་སྨི་3000ཙམ་ཟིན་གྱི་ཡོད་པས། མཚོ་སྐོར་བའི་འཛམ་གླིང་གི་ས་བབ་མཐོ་ཤོས་དང་དཀའ་ཚད་ཆེ་ཤོས་ཀྱི་ཁྱད་ཆོས་མངོན་པ་མ་ཟད། འགྲན་ལམ་དབར་འབྲེལ་མཐུད་བདེ་བླག་ཡོང་བ་དང་ཆེད་ལས་རང་བཞིན་སྔར་བས་ཤུགས་ཆེར་ཕྱིན་ཡོད།
སྐབས་འདིའི་འགྲན་བསྡུར་ནང་ཁྱོན་གོ་ལ་ཧྲིལ་པོའི་ཆུ་ཚད་མཐོ་བའི་རྐང་འཁོར་རུ་ཁག་40ལྷག་ཙམ་གྱིས་མིང་ཐོ་བཀོད་པ་དང་སྒྲིག་འཛུགས་ཨུ་ལྷན་གྱིས་མཐར་གླིང་ཆེན་བཞིའི་རུ་ཁག་22དང་ལུས་རྩལ་པ་154འགྲན་བསྡུར་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
