འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨར་ཅི་རི་ཡའི་དཔོན་རིགས་ཀྱིས། ཀྲུང་གོའི་སྨན་བཅོས་རུ་མིས་ཨར་ཅི་རི་ཡའི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སེམས་ནུས་བཏོན་པར་ཐུགས་རྗེ་ཆེ་ཞུས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨར་ཅིར་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཨར་ཅི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོས་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་མངགས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ་རེད། ཨར་ཅི་རི་ཡའི་འཕྲོད་བསྟེན་པུའི་དྲུང་ཆེ་མོ་ཧན་མོ་ཏེ·ཐ་ལེ་ཤིས་ཀྱིས་ཀྲུང་གོའི་སྨན་བཅོས་རུ་མིས་ཨར་ཅི་རི་ཡའི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སེམས་ནུས་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་རེད།
     ཐ་ལེ་ཤིས་ཀྱིས་སྣེ་ལེན་ཚོགས་འདུར་ཤིས་ཚིག་སྒྲོན་སྐབས། ཀྲུང་གོས་ཨར་ཅི་རི་ཡར་རང་བཙན་བྱུང་རྗེས་སྨན་བཅོས་འཕྲོད་བསྟེན་མ་ལག་ལ་རྒྱབ་སྐྱོར་བྱ་ཆེད། 1963ལོའི་ཟླ་4པར་ཨར་ཅི་རི་ཡའི་སའེ་དབྱི་ཏ་ཞིང་ཆེན་དུ་སྨན་བཅོས་རུ་ཁག་དང་པོ་མངགས་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་རིམ་བྱུང་གིས་ཨར་ཅི་རི་ཡའི་སྨན་པ་དང་ལག་གདང་དཔུང་སྦྲེལ་གྱིས་ནད་ཀྱིས་མནར་བའི་དམངས་ཚོགས་སྐྱོབ་བཅོས་བྱ་ཆེད་སེམས་ནུས་ཡོད་རྒུ་བཏོན་ཡོད་ཅེས་བརྗོད། ཁོང་གིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡའི་སྨན་བཅོས་སྒྲིག་གཞིར་དང་བླངས་ཞབས་འདེགས་དང་། སྨན་བཅོས་སྒྲིག་ཆས། དངོས་ཟོག་སོགས་ཀྱི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད།
     ཨར་ཅི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅན་གྱིས་ཤིས་ཚིག་སྒྲོན་སྐབས། ལོ་60ཡི་རིང་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་མི་ཁག་ཐེངས་27གྱིས་སྒེར་སེམས་མེད་ལ་དཔའ་མི་ཞུམ་པར་ནད་བཅོས་སྲོག་སྐྱོབ་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཡོད། སྨན་བཅོས་རུ་ཁག་གིས་ཨར་ཅི་རི་ཡའི་སྨན་དོན་པ་ཁྲི་1.5ཙམ་ལ་གསོ་སྦྱོང་བྱས་པ་དང་རིག་གཞུང་སྤེལ་རེས་ཚོགས་འདུ་ཐེངས་600ལྷག་ཙམ་ལ་ཞུགས་ནས་ཀྲུང་གོའི་ཀྲུང་ལུགས་གསོ་རིག་དང་ཨར་ཅི་རི་ཡའི་སྲོལ་རྒྱུན་གསོ་རིག་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ཡོད། ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཨར་ཅི་རི་ཡའི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ལ་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།
     1963ལོ་ནས་ད་བར་ཀྲུང་གོས་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་ཐེངས་27ལ་ཁྱོན་བསྡོམས་མི་ཐེངས་3522མངགས་ནས་ནད་པ་མི་ཐེངས་ཁྲི་2737ཙམ་ལ་སྨན་བཅོས་བྱས་པ་དང་། གཤགས་བཅོས་ཁག་ཁྲི་175ཙམ་བྱས་པ། ཕྲུ་གུ་དམར་འབྱར་ཁྲི་207ཙམ་སྐྱེ་བསུ་བྱས་པར་ས་གནས་དེ་གའི་སྲིད་གཞུང་དང་མི་དམངས་ཀྱིས་བསྔགས་བརྗོད་ཆེན་པོ་བྱས་ཡོད།