འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལིའུ་གོ་ཀྲུང་གིས་མཚོ་སྔོན་དང་ཀན་སུའུ་རུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་22ནས་24ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་མཚོ་སྔོན་དང་ཀན་སུའུ་རུ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་བྱས་ནས་འགན་འཁྲི་དང་ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དབུལ་སྒྲོལ་གྱི་རྨང་གཞི་དེ་བས་བརྟན་པ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཐུབ་པ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ཆེན་པོ་མུ་མཐུད་ཡག་པོ་སྒྲུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།
     ལིའུ་གོ་ཀྲུང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཀྲོའུ་དང་། མཚོ་ཤར་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ཀ་ཆུ་ཀྲོའུ་དང་ཏིང་ཤིས་གྲོང་ཁྱེར་སོགས་སུ་ཕེབས་ཏེ། དབུལ་སྒྲོལ་ཐོན་ལས་རྣམ་གྲངས་དང་། རོགས་སྐྱོར་འཁོར་ཁང་། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ཁུལ་སོགས་ལ་རྟོག་ཞིབ་གནང་བ་མ་ཟད། དབུལ་སྒྲོལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་དང“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་ཚུལ་དང་དེ་བཞིན་རོགས་སྐྱོར་རྣམ་གྲངས་ཀྱི་འཁོར་སྐྱོད་དང་ཕན་འབྲས་ལ་གཟིགས་ཞིབ་ཀྱང་གནང་བ་རེད། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། རིམ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ། “མི་དོར་བ་བཞིར”གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བཅས་བྱས་ནས་བར་བརྒལ་དུས་སྐབས་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ཏེ་རོགས་སྐྱོར་ལས་དོན་ཁག་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་སྒྲུབ་དགོས་པ་དང་། བྱ་ཐབས་སྣ་ཚོགས་སྤྱད་ནས་དབུལ་པོ་བསྐྱར་ལོག་འགོག་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མགྱོགས་མྱུར་ཤེས་རྟོགས་དང་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ཏུ་དམིགས་སའི་རང་བཞིན་ལྡན་པའི་ངང་རོགས་སྐྱོར་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གནད་སྨིན་ངང་འགོག་ཟོན་དང་སེལ་བ་བཅས་བྱེད་དགོས་པ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་གཞན་དུ་གནས་སྤོས་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་ས་ཁུལ་དེ་བས་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ལིའུ་གོ་ཀྲུང་གིས་ད་དུང་ཞིང་ཆེན་དང་རྫོང་རིམ་གཉིས་ཀྱི་གྲོང་གསེབ་དར་རྒྱས་ལས་ཁུངས་ལ་བརྟག་ཞིབ་གནང་བ་མ་ཟད། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་ཞིང་། ཁོང་གིས་ལས་ཁུངས་སྒྱུར་བཅོས་ཁྲོད་གྲོང་གསེབ་དར་རྒྱས་ཁོངས་གཏོགས་ཀྱིས་སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། ལག་བསྟར་བྱེད་ཤུགས་ཆུང་དུ་མི་གཏོང་བ་དང་འགན་འཁྲིར་འགྱུར་ལྡོག་མི་གཏོང་བར་ཐོག་མཐའ་བར་གསུམ་དུ་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་འགན་ནུས་འདོན་སྤེལ་བྱས་ཏེ་ལས་བྱེད་པ་དུས་བཀག་འཐིམས་རྗེས་ལེགས་སྒྲིག་བརྗེ་རེས་ཡག་པོ་བྱེད་པ་དང་གསོ་སྦྱོང་དང་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དོན་འཁྱོལ་ལ་དམ་འཛིན་དང་། དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།