འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བར་དྲན་གསོ་ཞུས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་25ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བར་དྲན་གསོ་ཞུ་ཆེད། ཉིན་ཤས་བསྟུད་མར་བོད་ཀྱི་ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བར་དྲན་གསོ་ཞུས་པ་རེད། ལོ་72རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱིས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱས་པ་མ་ཟད། སྤྱི་ཚོགས་དུས་བབ་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་རིག་གནས་དེ་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་བཅས་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།
     ཉེ་ཆར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས“གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང”ཞེས་པའི་བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན་གཉེར་ཞིང་། འགྲེམས་སྟོན་དེ་བོད་ཀྱི་གསར་བརྗེའི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་པ་དང་གསར་བརྗེའི་རིག་དངོས་འགྲེམས་སྟོན་གྱི་ནང་དོན་གཙོ་བོར་བྱས་ཤིང་། “བདག་དབང་སྲུང་སྐྱོང་། བོད་དུ་དཔུང་སྐྱོད”དང་། “བོད་ལྗོངས་བདག་སྐྱོང་། རྒྱལ་སྲུང་སྲ་བརྟན” “དམངས་གཙོའི་བཅོས་སྒྱུར། རང་ཁྱིམ་རང་བདག” “བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར” “སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ལོ་རྒྱུས་སེམས་ལ་བརྟན་པོར་ངེས”བཅས་སྡེ་ཚན་ལྔ་དང《བློ་སེམས་གཅིག་མཐུན་དང་ཐུགས་ཁུར་ཟབ་བཞེས་གནང་བ་སྟེ། ཀྲུང་དབྱང་སྲིད་གཞུང་སྐབས་རིམ་བྱུང་གིས་བསྩལ་གནང་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་གིས་བོད་ལ་བསྩལ་གནང་བའི་ཕྱག་རྟགས་ཀྱི་དམིགས་བསལ་འགྲེམས་སྟོན》བཅས་ལས་གྲུབ་ཡོད་ལ། གསར་བརྗེའི་རིག་དངོས(ཆ་ཚང)308དང་ཀྲུང་དབྱང་གིས་བསྩལ་གནང་བའི་ཕྱག་རྟགས(ཆ་ཚང)65འགྲེམས་སྟོན་བྱས་པ་དང་ཆབས་ཅིག་མངའ་རིས་ཀྱི་སྔོན་སྐྱོད་ལེན་ཤོག་དྲན་གསོ་ཁང་དང་། ཆབ་མདོའི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་། སྤོ་བོའི་ཐོག་ཁང་དམར་པོ་སོགས་གསར་བརྗེའི་དྲན་གསོ་ཁང་དང་དྲ་ལམ་ནས་འབྲེལ་མཐུད་བྱས་པས་ནང་དོན་ཕུན་སུམ་ཚོགས་ཤིང་། ལྟ་སྐོར་བྱེད་མཁན་མང་ཚོགས་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།
     ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ“པེ་ཅིང་དང་ལྷ་སའི་སྨན་བཅོས་ཀྱི་ལེ་དབར་ཁྲི་ཡི་བྱ་སྤྱོད”ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་100ཙམ་གྱིས་འཇུ་བྱེད་ཕྱི་བཅོས་ཚན་ཁག་གི་རྒྱུན་མཐོང་ནད་དང་དེ་བཞིན་བཅོས་དཀའ་བའི་ནད་ཐོག་སྨན་བཅོས་ཀྱི་གནད་དོན་དང་། སྨན་བཅོས་ཀྱི་འདུ་ཤེས་གསར་པ། འཕེལ་རིམ་གྱི་རིག་གཞུང་བགྲོ་གླེང་། ལག་རྩལ་བཀོལ་སྤྱོད་སོགས་དང་ཟུང་འབྲེལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་ཡོད། ཉེ་བའི་ལོ་10ཡི་རིང་པེ་ཅིང་མཛའ་གྲོགས་སྨན་ཁང་གིས་སྔ་རྗེས་སུ་རིགས་གཅིག་མཁས་ཅན་མང་པོ་ཞིག་ལྷ་སར་རོགས་སྐྱོར་བྱེད་པར་བཏང་བ་མ་ཟད། དོ་དམ་ཚད་ལྡན་དུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་ལུགས་བཟོ་བ། ལག་རྩལ་གསོ་སྦྱོང་། ཚན་ཞིབ་སློབ་ཁྲིད། གཤགས་བཅོས་དཔེ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དང་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་རྩེ་གྲ་སྦ་གསང་མེད་པར་བསླབས་ཡོད།
     ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཡོན་ཀྲང་གཞོན་པ་ཀྲའོ་ཞའོ་མུའུ་ཡིས་པེ་ཅིང་གི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་རོགས་སྐྱོར་འོག་སྨན་ཁང་གི་སྨན་བཅོས་ཆུ་ཚད་དང་དེ་བཞིན་གཤགས་བཅོས་ལག་རྩལ་སོགས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ང་ཚོས“ནད་ཆེན་བོད་ནས་བཅོས་ཐུབ་པའི”སྨན་ཁང་གི་འགན་ནུས་མུ་མཐུད་འདོན་སྤེལ་བྱས་ནས་ནུས་ཤུགས་ཡོད་རྒུས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
     ཟླ་5ཚེས་23ཉིན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བའི་མཚམས་སུ། གཞིས་རྩེ་གྲོང་ཁུལ་གྱི་རྫོང་རིའི་འདབས་སུ་གནས་པའི་བསམ་གྲུབ་རྩེ་སློབ་ཆུང་དང་པོས་སློབ་ཆུང་བཙུགས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཉིན་མོ་བསུས། སློབ་གྲྭ་དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། རྒྱལ་ཁབ་ཀྱིས་གཞིས་རྩེ་གྲོང་ཁྱེར་དུ་བཙུགས་པའི་གཞུང་བཙུགས་སློབ་ཆུང་དང་པོ་དེ་རེད།
     “སྐབས་དེ་དུས་དགེ་རྒན་གྱི་གཞུང་ལས་ཁང་དང་ཉལ་ཁང་ཚང་མ་ས་ཕག་གི་ཁང་པ་ཤ་སྟག་རེད། ད་ཆ་སློབ་གྲྭར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་རྒན་ཡོལ་ཞུས་པའི་དགེ་རྒན་བརྩོན་འགྲུས་ལགས་ཀྱིས་མ་ཡུམ་སློབ་གྲྭར་འགྱུར་ལྡོག་བྱུང་བ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བརྗོད། སློབ་ཆུང་དང་པོར་འཚར་ལོངས་བྱུང་བ་དང་། སློབ་གྲྭ་འགྲིམ་པ། ལས་ཀར་ཞུགས་པ་བཅས་ཀྱི་ཚེ་རིང་སྒྲོལ་དཀར་གྱིས“ངའི་ཕ་མ་གཉིས་སློབ་གྲྭ་འདིར་ལས་ཀ་ལོ་40ལྷག་ཙམ་བྱས་པ་དང་ད་ཆ་ངའི་ཕྲུ་གུ་ཡང་སློབ་གྲྭ་འདིར་སློབ་སྦྱོང་བྱེད་བཞིན་ཡོད་པས་ང་ཚོ་མི་རབས་གསུམ་པོས་སློབ་གྲྭའི་འགྱུར་ལྡོག་ཆེན་པོར་དཔང་པོ་བྱེད་ཐུབ་ཅེས་བརྗོད་ཆོག སློབ་གྲྭའི་འབྱུང་འགྱུར་དེ་བས་ཡག་ཏུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་བརྗོད།
     ཟླ་5ཚེས་23ཉིན་གྱི་ཞོགས་པ“སྲོག་གནས་དཀའ་ཁུལ”དུ་བཅའ་སྡོད་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་དཔོན་དམག་གིས་འཚམས་འདྲིའི་དངོས་པོ་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ་དང་འབྲེལ་དཔོན་དམག་སྒྲིག་འཛུགས་བྱས་ནས་བཅའ་སྡོད་ཁུལ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། དཔོན་དམག་ཚོས་བོད་རིགས་མང་ཚོགས་ལ་སྒོ་རར་གད་ཕྱིས་དང་། སྐྲ་བཞར་བ། གཟུགས་པོར་བརྟག་དཔྱད། ནད་བརྟག་སྨན་སྐྱེལ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གིས་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་མཚོན་པར་བྱས་ཡོད། གཟབ་མཆོར་ལེགས་པར་སྤྲས་པའི་བོད་རིགས་མང་ཚོགས་ཚོས་སྔ་ས་ནས་སྒོ་འགྲམ་དུ་དཔོན་དམག་ཚོ་བསུས། དགའ་སྤྲོའི་རོལ་དབྱངས་དང་བསྟུན་ནས་དཔོན་དམག་ཚོས་མང་ཚོགས་དང་མཉམ་དུ་སྒོར་གཞས་འཁྲབ་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་དུ་ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བའི་འབྱོར་འབྲིང་ལམ་ཆུང་ཞིག་ཡོད་དེ། ཀྲུང་གོ་འཛུགས་སྐྲུན་ཅུས་དང་པོའི་བཟོ་སྐྲུན་པ་ཚོས་ཉིན་མཚན་700ལྷག་ཙམ་འབད་འཐབ་བྱས་ནས་བསྐྲུན་པ་དང་། ལམ་དེས་ལྷོ་ཁ་གྲོང་ཁྱེར་གཙང་བྱང་རྒྱུད་ཀྱི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བོད་རིགས་མང་ཚོགས་ཁྲི་3ལྷག་ཙམ་ལ་གཙོ་གནད་ཐོག་ཞབས་འདེགས་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟེ་བའི་ཁུལ་ཆེན་གཉིས་ཏེ་ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལའང་རམ་འདེགས་ཐུབ་ཡོད།
     ཟླ་5ཚེས་23ཉིན་གྱི་སྔ་དྲོ། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་བྲག་ནག་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་གཉེར་བ་དང་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་སྒྲེང་བ་དང་། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་བརྩེ་སེམས་ཟབ་མོའི་ངང་མེས་རྒྱལ་ཞི་མཐུན་བརྟན་ལྷིང་དང་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཨ་མདོ་རྫོང་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་རྫོང་ཨུད་རྩ་འཛུགས་པུའུ་དང་། རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ཏང་ཡོན་ལས་བྱེད་པ། གཞོན་ནུ་ལོ་ཆུང་སློབ་མ། བུ་བཅོལ་ཁང་། དགེ་རྒན། མང་ཚོགས་བཅས་ཀྱི་འཐུས་མི་ཁྱོན་མི་153སྒྲིག་འཛུགས་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་དང་། “གྲོང་གསེབ་དར་རྒྱས། ནག་ཆུས་འབད་འབུངས་ཡར་བརྩོན་བྱེད་པའི”གྲུབ་འབྲས་འགྲེམས་སྟོན། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། བོད་གསར་རྙིང་བསྡུར་བ། ཨ་མདོ་རྫོང་གི་གསར་རྙིང་བསྡུར་བ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱེད་སྒོར་ལྟ་སྐོར་བྱས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བར་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚང་མས་བོད་ཀྱི་འཕེལ་རྒྱས་རླབས་པོ་ཆེའི་འཕེལ་རིམ་ལས་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། ལྟ་སྐོར་དང་སློབ་སྦྱོང་ཁྲོད་ལོ་72རིང་ཏང་གིས་བོད་ལ་གནང་བའི་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོ་ཚོར་བྱུང་ཞེས་བརྗོད།
     ཟླ་5ཚེས་22ཉིན་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་སར། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པས“ཐུན་མོང་བཞི”བློ་ལ་བརྟན་པོར་འཆང་བ་དང་། སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་འདུ་ཤེས་འཛུགས་པ་བརྗོད་དོན་གཙོ་བོར་བྱེད་པ། བསམ་བློའི་མཐོ་ཚད་དེ་བས་མཐོ་བ་གཏོད་པ་དམིགས་ཚད་དུ་བྱེད་པ། སྒྲོག་འགྲེལ་ནང་དོན་གདམ་རྒྱུ་གཙོ་བོར་བྱེད་པ། དྲ་རྒྱ་ནས་སློབ་ཁྲིད་བྱེད་པ། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་གླེང་བ། བོད་ལྗོངས་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ། འགྱུར་ལྡོག་གསར་པ་གླེང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྲོ་སྣང་ཁྲོད་ཉན་ཐུབ་པ་དང་། སྦྱོང་ཐུབ་པ། རྟོགས་ཐུབ་པ་བཅས་བྱས་ཡོད།
     “ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་བརྗོད་པའི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་ད་ཆ་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། ཆུ་དང་། གློག དྲ་བ། འཕྲིན་གཏོང་བཅས་ཀྱང་ཤར་གཏོང་ཐུབ་ཡོད། ཉིན་ཤས་བསྟུད་མར་མེ་ཏོག་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་ཚ་ཚ་འུར་འུར་གྱི་བྱེད་སྒོ་སྤེལ་ཞིང་། རྫོང་རིག་གནས་ཡུལ་སྐོར་ཅུས་དང་། ཞིང་ལས་གྲོང་གསེབ་ཅུས། འཕྲལ་སྡོམ་དོ་དམ་ཅུས། ནད་ཡམས་ཚོད་འཛིན་ལྟེ་གནས་སོགས་ཚན་པ་མང་པོ་ཞིག་གིས་མཉམ་དུ“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ཚོས་རླུང་འཕྲིན་བརྙན་འཕྲིན་ཉན་པ་དང་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ལ“དུད་ཚང་ཀུན་ཁྱབ”ཀྱི་སྒྲིག་ཆས་སྤྲད་པ་དང་། ཆེད་མི་མངགས་ཏེ་སྒྲིག་སྦྱོར་བྱས་པ་རེད། བྱེད་སྒོ་སྤེལ་སར། ད་དུང་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་སྐད་ཡིག་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་བཏང་ཡོད། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པར་བརྟེན་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་འབྲེལ་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཐོབ་ཡོད།