འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་གིས་ཨ་རིར་བཅའ་སྡོད་གཞུང་ཚབ་ཆེན་མོའི་འགན་བཞེས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་24ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་23ཉིན། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཞེ་ཧྥུང་ཨ་རིར་འབྱོར་ནས་ལས་འགན་གསར་པ་འཁུར་བ་རེད། ཉིའུ་ཡོག་གནམ་ཐང་དུ་ཞེ་ཧྥུང་གིས་དེ་གར་ཡོད་པའི་ཀྲུང་ཕྱིའི་སྨྱན་སྦྱོར་དང་། དེ་བཞིན་ལས་རིགས་ཁག་གི་མི་སྣ་དང་སྤེལ་རེས་བྱས་པ་རེད།
     ཞེ་ཧྥུང་གིས་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མངགས་གཏོང་བྱས་ནས་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བའི་འགན་འཁུར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་ནི་ཀྲུང་གོའི་མི་དམངས་ཀྱི་འཐུས་མི་ཡིན་ལ། ཀྲུང་གོའི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་ཡོང་བ་ཡིན། འདི་ནི་ངའི་བླ་ན་མེད་པའི་འགན་འཁྲི་ཡིན། ང་ནི་ཀྲུང་གོའི་མི་དམངས་ཀྱི་ཕོ་ཉ་ཡིན་པས། ཀྲུང་གོ་དང་ཨ་རིའི་བར་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དུ་ཡོང་བ་ཡིན། འདི་ནི་ངའི་ལས་འགན་གལ་ཆེན་ཞིག་ཡིན། ད་ལམ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་དཀའ་ངལ་ཚབས་ཆེན་འཕྲད་པ་དང་། འགྲན་སློང་དྲག་པོ་འཕྲད་ཡོད་པས། ངའི་ལས་འགན་གཟི་བརྗིད་ལྡན་པ་དང་། འགན་འཁྲི་དེ་བས་ལྕི་བའི་ཚོར་སྣང་ཡོང་གི་འདུག ང་དང་ངའི་ལས་རོགས་ཚོས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་གཏོང་ཟད་དུ་མི་འགྲོ་བ་བྱ་རྒྱུ་ཡིན།
     ཞེ་ཧྥུང་གིས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གསུམ་བཏོན་པ་དེ་ནི་དུས་སྐབས་གསར་པའི་ནང་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་མཉམ་གནས་རྩ་བཅོས་བྱེད་པའི་བྱེད་ཐབས་ཡང་དག་ཅིག་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ། རྒྱལ་ཁབ་གཉིས་དང་འཛམ་གླིང་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ནས་འགོ་བཙུགས་ཏེ། ཁ་ཕྱོགས་དེའི་ཕྱོགས་སུ་ཐུན་མོང་ཐོག་འབད་བརྩོན་བྱས་ནས། ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་རྩ་དོན་གཞིར་བཟུང་ཐའེ་ཝན་སོགས་ཚོར་སྣང་སྐྱེན་པའི་གནད་དོན་གལ་ཆེན་ཐག་གཅོད་འཚམ་པོར་བྱས་ནས་སྐད་ཆ་ཤོད་རེས་དང་། མི་མཐུན་པའི་ཆར་ཚོད་འཛིན། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་ཨའི་འབྲེལ་བ་རྒྱུན་ལྡན་གྱི་ལམ་སྲོལ་ཐོག་བསྐྱར་ལོག་ཐུབ་པའི་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད།
     ཞེ་ཧྥུང་གིས་བཤད་དོན། ངས་དེ་སྔོན་ཨ་རིར་ལས་ཀ་བྱེད་མྱོང་བ་ནི་ལོ་13གྱི་གོང་ཡིན། ལོ་13རིང་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཨ་རིར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སླད་ཕྱིན་གྱི་དུས་རིམ་དུ་ངས་ཨ་རིའི་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཁྱབ་ངང་འབྲེལ་གཏུག་བྱས་ནས། བར་ཐག་ཉེ་པོའི་ཐོག་ནས་ཨ་རིར་ལྟ་ཞིབ་དང་ཤེས་རྟོགས་བྱེད་པ་དང་ཆབས་ཅིག སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། སྨྱན་སྦྱོར་ཚུད་པའི་ལས་རིགས་ཁག་གི་མི་སྣ་དང་གྲོགས་པོར་འགྱུར་བའི་རེ་བའང་བྱེད་ཀྱི་ཡོད། ཚང་མས་ཀྲུང་ཨའི་འབྲེལ་བར་བསམ་གཞིག་དང་། ཚང་མས་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་རྗེས་སུ་མཇལ་ཡོང་།