འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འོས་འགན་སློབ་གསོར་རྒྱུགས་ལེན་པའམ་ཡང་ན་རྣམ་པ་འགྱུར་བའི་རྒྱུགས་བླངས་ཏེ་སློབ་མ་གདམ་མི་ཆོག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་24ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་གིས《2023ལོའི་སློབ་གྲྭ་འབྲིང་ཆུང་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི་ལས་དོན་བཀོད་སྒྲིག་བྱས་པ་རེད། དེའི་ནང་འོས་འགན་སློབ་གསོར་རྒྱུགས་ལེན་མི་དགོས་པར་སློབ་ཞུགས་དང་སློབ་རིམ་སྤོར་བའི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས་རྒྱུགས་ལེན་པའམ་ཡང་ན་རྣམ་པ་འགྱུར་བའི་རྒྱུགས་བླངས་ཏེ་སློབ་མ་གདམ་མི་ཆོག་པ་དང་། འགྲན་བསྡུར་སྣ་ཚོགས་དང་། ཡིག་རྒྱུགས་ལག་ཁྱེར། གཟི་བརྗིད་མཚན་སྙན་ལག་ཁྱེར། གསོ་སྦྱོང་ངོ་སྤྲོད་སོགས་སློབ་མ་བསྡུ་བའི་གཞི་འཛིན་སའམ་ཡང་ན་དཔྱད་གཞིར་གཟུང་མི་ཆོག་པའི་བླང་བྱ་བཏོན་ཡོད།
   《བརྡ་ཐོའི》ནང་། ས་གནས་ཁག་གིས་འོས་འགན་སློབ་གསོར་རྒྱུགས་ལེན་མི་དགོས་པར་ཐག་ཉེ་སར་སློབ་ཞུགས་ཐུབ་པའི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་སློབ་གྲྭའི་སློབ་བསྡུའི་ཡུག་ཁུལ་བགོ་བ། མིང་ཐོ་འགོད་པའི་ཆ་འཕྲིན་འཚོལ་བསྡུ་ཚད་ལྡན་དུ་བཏང་ནས་སློབ་བསྡུའི་ལམ་སྲོལ་འཐུས་ཚང་དང་གོ་རིམ་ལྡན་པ་ཞིག་དགོས་པ་དང་། ས་གནས་ཁག་ལ་ཁྱིམ་ཚང་གཅིག་གི་ཕྲུ་གུ་སློབ་གྲྭ་གཅིག་ཏུ་སློབ་སྦྱོང་བྱེད་པའི་ལག་བསྟར་བྱ་ཐབས་ཞིབ་ཕྲ་འདོན་པར་ལྕག་སྐུལ་བཏང་ནས་ཁྱིམ་བདག་གིས་ཕྲུ་གུ་སྐྱེལ་བསུ་སྟབས་བདེ་མེད་པའི་གནད་དོན་ཐག་གཅོད་རོགས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
    《བརྡ་ཐོའི》ནང་། ས་གནས་ཁག་གིས་སློབ་གནས་ཐོན་ཁུངས་མཁོ་སྤྲོད་དོ་སྙོམས་འགན་ལེན་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཕེལ་རྒྱས་གཏོང་བ་དང་སློབ་ལོ་ལོན་པའི་བྱིས་པའི་གྲངས་འབོར་གྱི་འགྱུར་ལྡོག་ལ་གཞིགས་ནས་རྒྱུན་སྡོད་མི་འབོར་གྱི་སློབ་ལོ་ལོན་པའི་བྱིས་པར་བརྟག་དཔྱད་མཐིལ་རྟོགས་བྱེད་པའི་་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་སློབ་ལོ་ལོན་པའི་བྱིས་པའི་སློབ་ཞུགས་དགོས་མཁོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་དགོས། སློབ་གནས་ཀྱི་ཐོན་ཁུངས་དཀོན་པའི་ས་ཁུལ་གྱིས་ཕྱོགས་བསྡུས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ། ཡུལ་བབ་དང་སློབ་གྲྭར་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་ཏེ་སློབ་ལོ་ལོན་པའི་བྱིས་པ་ཐག་ཉེ་སར་སློབ་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
   《བརྡ་ཐོའི》ནང་། དེ་དང་ཆབས་ཅིག་ས་གནས་ཁག་གིས་འབད་བརྩོན་ཆེན་པོས་མཐོ་འབྲིང་དཀྱུས་མའི་སློབ་གནས་སྤུས་ལེགས་མཁོ་སྤྲོད་མང་དུ་གཏོང་དགོས་པ་དང་། གཞུང་བཙུགས་དང་དམངས་བཙུགས་ཀྱི་མཐོ་འབྲིང་དཀྱུས་མས་ས་ཁོངས་ལས་བརྒལ་ནས་སློབ་མ་བསྡུ་བའི་འཆར་གཞི་སྔར་བས་ཉུང་དུ་བཏང་སྟེ། 2024ལོར་ཁོངས་གཏོགས་ཁུལ་དུ་སློབ་མ་བསྡུ་བ་དང“གཞུང་བཙུགས་དང་དམངས་བཙུགས་མཉམ་བསྡུ”ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། མཐོ་འབྲིང་དཀྱུས་མ་སྤུས་ལེགས་ཀྱི་དམིགས་ཚད་ལྟར་སློབ་གྲྭར་སློབ་མ་བསྡུ་བའི་ལས་དོན་འཐུས་སྒོ་ཚང་དུ་བཏང་སྟེ་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས། ཞིང་ཆེན་རིམ་པའི་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་འབྲིང་རྒྱུགས་ཀྱི་སྐར་སྣོན་རྣམ་གྲངས་ལ་སྔར་བས་གཙང་བཤེར་དང་ཚད་ལྡན་དུ་གཏོང་དགོས་པ་ཁ་གསལ་བསྟན་ཡོད།