འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།པེ་ཅིང་དང་བོད་ལྗོངས་ཀྱི་སྨན་པས་མཉམ་དུ་ས་མཐོའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་23ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཧྲེན་ལིན་དང་ཞུས་ཡུས་ཡའོ།
     སྒྲོལ་དཀར་གྱི་མགོ་བོའི་གཞོགས་གཅིག་ན་ནས་ལོ་20ལྷག་ཙམ་སོང་ཞིང་། ཁོང་གི་བསམ་ཡུལ་ལས་འདས་པ་ཞིག་ལ་ནད་རྙིང་པ་དེ་རང་ཉིད་ཀྱི་སྙིང་ནད་ལས་བྱུང་བ་ཞིག་ཡིན་པ་པེ་ཅིང་བོད་སྐྱོར་བྲང་ཁོག་ཕྱི་ནད་ཚན་ཁག་གི་སྨན་པ་བསྟེན་པ་ལས་ད་གཟོད་ཤེས་རྟོགས་བྱུང་བ་རེད།
     ན་ནིང་སྒྲོལ་དཀར་ངག་ནས་སྐད་ཆ་གསལ་པོ་ཤོད་མི་ཤེས་པར་གྱུར་པའི་རྐྱེན་གྱིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་བ་དང་། འདི་ལོའི་ལོ་འགོར་ཁོང་སླར་ཡང་གཟུགས་པོ་མི་བདེ་བའི་དབང་གིས་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས། པེ་ཅིང་ཧྥུའུ་ཝེ་སྨན་ཁང་གི་བོད་སྐྱོར་སྨན་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྲང་ཁོག་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཧུའུ་ཧའེ་པོ་དང་སྨན་ཁང་དེའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པས་བརྟག་དཔྱད་བྱས་རྗེས་སྒྲོལ་དཀར་ལ་རྒྱུན་མཐོང་གི་ལྷན་སྐྱེས་སྙིང་ནད་ཅིག་ཕོག་ཡོད་པ་གཏན་འཁེལ་བྱས་པ་དང་། “མི་ཕལ་ཆེ་བར་ནད་རྟགས་གང་ཡང་མེད་ཀྱང་ནད་པ་ཁག་གཅིག་ལ་དབང་རྩའི་མ་ལག་དང་འབྲེལ་བའི་གཟའ་ཕོག་པ་དང་མགོའི་གཞོགས་གཅིག་ན་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད”ཅེས་ཧུའུ་ཧའེ་པོ་ཡིས་བརྗོད།
     ཧུའུ་ཧའེ་པོ་ཡིས་ལམ་སེང་སྒྲོལ་དཀར་ལ་གཤགས་བཅོས་བྱས་པས་ཆུ་ཚོད་4སོང་རྗེས་སྒྲོལ་དཀར་འགྲོ་སྐྱོད་ཐུབ་པ་མ་ཟད། ཉིན་གཉིས་སོང་རྗེས་ལོ་20ལྷག་རིང་གི་མགོ་ནད་སངས་དྲག་བྱུང་བ་རེད།
     2021ལོའི་ཟླ་11པར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་པེ་ཅིང་ཧྥུའུ་ཝེ་སྨན་ཁང་གི་སྨན་པ་ལུའེ་ཅན་ཧྭ་སོགས་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་རྒྱབ་སྐྱོར་འོག རིག་ཚན་མང་པོའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པ་བཙུགས་ནས་རིན་མེད་ངང་རང་སྐྱོང་ལྗོངས་ནང་ཁུལ་གྱི་ལོ་0ནས་18བར་གྱི་ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་རྨ་ཁ་ཆུང་བའི་གཤགས་བཅོས་བྱས་པ་རེད། 2022ལོའི་ཟླ་8པར། ཧུའུ་ཧའེ་པོ་ཡིས་ལུའེ་ཅན་ཧྭའི་ཚབ་ཞུས་ཏེ་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པར་ཞུགས་ཤིང་། 2021ལོའི་ཟླ་11པ་ནས་ད་བར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པས་ཁྱོན་ནད་པ་330ལ་གཤགས་བཅོས་བྱས་པའི་ནང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་270ལྷག་ཙམ་ཡོད་པ་རེད།
     གཤགས་བཅོས་300ལྷག་ཙམ་བྱས་པ་དེ་ཐོག་ནས་ནད་པ་མང་པོ་ཞིག་དྲག་སྐྱེད་བྱུང་བ་མ་ཟད་ས་གནས་དེ་གའི་སྨན་བཅོས་ཚོགས་པ་ཞིག་འཚར་ལོངས་དང་སྟོབས་ཆེར་ཕྱིན་པའང་མཚོན་གྱི་ཡོད། ཧུའུ་ཧའེ་པོ་ཡིས། སྒྲོལ་དཀར་དང་འདྲ་བར་རྨ་ཁ་ཆུང་བའི་གཤགས་བཅོས་བྱེད་པར་ཚན་ཁག་མང་པོས་མཉམ་དུ་ཤུགས་བརྒྱབ་དགོས་ཞེས་བརྗོད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ལོ་མང་རིང་སྨན་བཅོས་ཚོགས་པའི་འཕེལ་རྒྱས་ཆོས་ཉིད་དང་ཟུང་འབྲེལ་བྱས་ནས་ཚོགས་པ་ཁག་བགོས་ཀྱི་གསོ་སྦྱོང་འཆར་གཞི་ཞིབ་ཕྲ་བཟོས་པ་དང་། མིག་དམར་དོན་གྲུབ་ནི་དེ་ལྟར་གསོ་སྦྱོང་བྱས་ནས་རང་མགོ་ཐོན་པའི་ས་གནས་དེ་གའི་སྨན་པ་ཞིག་ཡིན། ཉེ་བའི་ལོ་གཉིས་ནང་ཁོང་ལྷན་སྐྱེས་སྙིང་ནད་གཤགས་བཅོས་ནང་ཐེངས་མང་ཞུགས་པ་རེད། གཤག་བཅོས་བྱེད་སྐབས་མིག་དམར་དོན་གྲུབ་ཀྱིས་ཧུའུ་ཧའེ་པོ་སོགས་སྨན་པར་གཞོགས་འདེགས་བྱེད་ཞོར་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ལག་རྩལ་སྦྱོང་བར་བརྩོན་ཞིང་། “ངས་སྨན་བཅོས་ལག་རྩལ་ཡག་པོ་སྦྱངས་ནས་ནད་པ་དེ་བས་མང་བར་ཕན་ཐོགས་པ་བྱེད་ཀྱི་ཡིན”ཞེས་མིག་དམར་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
     “ང་ཚོས་ཡུལ་དེ་གའི་སྨན་བཅོས་ཤེས་ལྡན་པ་སྔར་བས་མང་བ་སྐྱེད་སྲིང་བྱས་ནས་ཡུལ་དེ་གའི་སྨན་ཁང་གི་སྨན་བཅོས་ནུས་པ་ཆེ་རུ་བཏང་སྟེ་ལྷན་སྐྱེས་སྙིང་ནད་ཕོག་མཁན་མང་ཆེ་བ་རང་ཁྱིམ་གྱི་སྒོ་རྩར་སྐྱོབ་བཅོས་ཐུབ་པའི་རེ་བ་ཡོད”ཅེས་ཧུའུ་ཧའེ་པོ་ཡིས་བཤད།