འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་འདམ་ར་དང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་སྒྲིག་འགལ་བཙན་བཟུང་བྱས་པའི་གནད་དོན་
གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་22ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་འདམ་ར་དང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་སྒྲིག་འགལ་བཙན་བཟུང་བྱས་པའི་གནད་དོན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལས་དོན་ཇུས་གཞི》བཀྲམ་པ་དང་། དུས་ཡུན་ཟླ་3གྱི་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་འདམ་ར་དང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་སྒྲིག་འགལ་བཙན་བཟུང་བྱས་པའི་གནད་དོན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱེད་འགོ་བཙུགས་ཏེ་སྒྲིག་འགལ་ངང་འདམ་ར་བཙན་བཟུང་དང་འདམ་རའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་སོགས་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་རྒྱུ་ཡིན་པ་རེད།
     ད་རེས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རིང་འདམ་རའི་སྤྱི་གླིང་དང་། འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་། འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་བཅས་གཙོ་གནད་དུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་བཅུག་པའི་རང་བྱུང་སྤྱི་གླིང་སྣ་ཚོགས་ལ་ཁྱབ་པར་བྱས་ནས། རང་བྱུང་སྲུང་སྐྱོང་ཁུལ་ཁག་ཏུ་སྒྲིག་འགལ་ངང་གད་སྙིགས་སོགས་སྙིགས་རོ་གཤོ་བ་དང་། སྦགས་བཙོག་དངོས་པོ་ཕྱིར་འབུད་པ། གཙང་པོར་བཙོག་ཆུ་འབུད་ས་བཟོ་བ་སོགས་ཀྱི་འདམ་རའི་སྐྱེ་ཁམས་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་བྱེད་སྤྱོད་རིགས་དང་། རང་བྱུང་སྲུང་སྐྱོང་ཁུལ་ཁག་སྒྲིག་འགལ་ངང་བཙན་བཟུང་བྱས་ནས་རླུང་ཤུགས་དང་འོད་ཤུགས་གློག་ཁང་དང་། ཀའོ་ཨེར་ཧྥུའུ་སྤོ་ལོ་རྒྱག་ས། གསར་སྤེལ་ཁུལ་བཅས་བསྐྲུན་པ། དེ་བཞིན་བྱེ་རྡོ་དང་། གཏེར་ཁ། ས་རྡོ་སོགས་སྔོག་འདོན་གྱིས་འདམ་རར་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་སྤེལ་རིགས། རང་བྱུང་སྲུང་སྐྱོང་ཁུལ་ཁག་ཏུ་སྒྲིག་འགལ་ངང་བསྐྱོད་ནས་ཡུལ་སྐོར་ལྟ་སྐོར་དང་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་བྱེད་སྤྱོད་སྤེལ་རིགས། ནགས་ཚལ་དང་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་དང་སྒྲིག་སྲོལ་ལ་མི་བརྩི་བར་ནགས་ཚལ་དང་། འདམ་ར། བྱེ་ཐང་། ས་གཤིས། རྩྭ་ཐང་། གྲགས་ཅན་མཛེས་ལྗོངས་ཁུལ་སོགས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རང་བྱུང་སྤྱི་གླིང་ལ་རང་འགར་མིང་འདོགས་པའི་བྱེད་སྤྱོད་ཀྱི་རིགས་སོགས་ཀྱི་ནང་དོན་གལ་ཆེན་ལ་དམིགས་ཏེ་གནད་དོན་གྲལ་བཤེར་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་རྒྱུ་རེད།