འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་32པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་21ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་པོ་ས་ལེ་མན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་32པ་ཅི་ཏར་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དུས་ཡུན་རིང་པོའི་ནང་ཨ་རབ་འཛམ་གླིང་མཉམ་འབྲེལ་རང་དར་ལ་སྐུལ་འདེད་གཏོང་བར་གཞོལ་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་གི་ཡོད། ཨ་རབ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་དང་རང་དར་བགྲོད་ལམ་ཐོག་གོམ་སྟབས་གསར་པ་བསྟུད་མར་སྤོས་ནས་གྲུབ་འབྲས་གསར་པ་ཐོབ་པར་ང་ཧ་ཅང་དགའ་པོ་བྱུང་། སོ་ཏི་ཨ་རབ་ནི་སྣེ་མང་ཅན་གྱི་འཛམ་གླིང་ནང་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་ཨ་རབ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ངས་བསྔགས་བརྗོད་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས། ཀྲུང་ཨའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། ཉེ་བའི་ལོའི་ཚུན། ཕྱོགས་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་ལྷོ་ལྷོ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ན་ནིང་ཟླ་12པར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོ་ལི་ཡ་ཏེར་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་། ཀྲུང་ཨའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། རང་སོ་སོའི་མི་རིགས་བསྐྱར་དར་ལ་འདེགས་སྐྱོར་བྱེད་རྒྱུ། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་རྒྱུ་བཅས་ལ་མགྲིན་གཅིག་ཏུ་མོས་མཐུན་གནང་བ་དེ་ནི་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་རབས་འབྱེད་པའི་ལམ་ཚད་རྡོ་རིང་ཞིག་རེད། འབྱུང་འགྱུར་ལ་དམིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཀྲུང་ཨའི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཨའི་དབུ་ཚོགས་སྐབས་དང་པོའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་ཀྲུང་ཨའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏོད་པ་བཅས་བྱས་ནས་ཀྲུང་ཨའི་མཛའ་གྲོགས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།