འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་20ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་པའི་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་ཏུར་དབར་ཕྱི་འབྲེལ་བཙུགས་ནས་ལོ་31སོང་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་དང་པོར་ཁྱེད་ཀྱིས་ཀྲུང་གོར་ལེགས་གྲུབ་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཕྱོགས་གཉིས་པོའི་ངོས་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ལག་ལེན་བསྟར་ཏེ་ཀྲུང་ཏུར་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་དང་།
     ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཏུར་མེན་སི་ཐན“རྒྱལ་ཁབ་སྟོབས་ཆེན་གྱི་དུས་རབས་གསར་པའི་བསྐྱར་དར”གྱི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད་པས། ཀྲུང་ཏུར་གྱི་འབྲེལ་བ་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་ལ་མདུན་ལམ་ཡང་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་བ་དེ་བས་ཆེ་བ་སྐྲུན་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏུར་མེན་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཏུར་མེན་སི་ཐན་གྱིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཐོག་མཐའ་བར་གསུམ་དུ་ཏུར་མེན་སི་ཐན་ཕྱོགས་ཀྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་གང་ལེགས་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་པ། མཉམ་ལས་ཀྱི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། གཞི་ཁྱོན་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། རང་བྱུང་སོལ་རླངས། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། འཕྲིན་གཏོང་དང་འཇིག་རྟེན་འཕུར་སྐྱོད་སོགས་མཐོ་གསར་ལག་རྩལ་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཏུར་མེན་སི་ཐན་དུ་མ་དངུལ་བཏང་ནས་ལས་རིགས་དར་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་པོའི་ས་གནས་ཀྱི་ཞིང་ཆེན་དང་ཀྲོའུ་ཡིས་ཀྱང་བྱ་སྤྱོད་སྤེལ་ནས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ཁ་གཏད་མཉམ་ལས་དེ་བས་མང་བ་བྱེད་པ་དང་། ཕྱོགས་གཉིས་པོས་འདི་ལོ་དང་སང་ལོར་ཕན་ཚུན་དབར་རིག་གནས་ལོ་གཉེར་བ་གོ་སྐབས་སུ་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ལྔ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ད་ཐེངས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཡག་པོ་འཚོགས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་པའི་རེ་སྒུག་བྱེད་ཀྱི་ཡོད།
     པེར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ་ཡིས་གསུངས་དོན། ཏུར་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཡུན་རིང་དང་གཏིང་ཟབ་པ་དང་ཏུར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ། གཉིས་ཁེ་གཉིས་ཕན་བཅས་ལ་རྟེན་པ་ཞིག་ཡིན་པས། མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ“དར་གོས་ལམ་བུ་བསྐྱར་དར”གྱི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། ཏུར་ཀྲུང་མཉམ་ལས་ཨུ་ལྷན་གྱི་ནུས་པ་བཏོན་ནས་ནུས་རྒྱུ་དང་གསར་གཏོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱིས་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་གཏོང་བར་གོ་སྐབས་གསར་པ་མཁོ་འདོན་བྱེད་པ་མ་ཟད་འཛམ་གླིང་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་གོ་ཕྱོགས་དང་སྤེལ་རེས་མཉམ་ལས་དམ་ཟབ་བྱས་ནས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད།
     མཇལ་འཛོམས་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཚན་རྩལ་དང་འགག་སྒོ་ལས་ཁུངས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པའི་བདེན་དཔང་གནང་བ་རེད།