འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་དང་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་20ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཐ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་མཆོང་སྐྱོད་བྱུང་ཡོད། ཀྲུང་ཐ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་དང་། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་རྨང་གཞི། ཕུན་སུམ་ཚོགས་པའི་མཉམ་ལས་ཀྱི་ནང་དོན། རྒྱ་ཆེ་བའི་དམངས་འདུན་གྱི་རྒྱབ་སྐྱོར་བཅས་ལྡན་ཡོད། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དང་། བདེ་སྡུག་མཉམ་མྱོང་། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཀྲུང་ཐའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཚད་མཐོའི་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། བདག་དབང་དང་། རང་བཙན། བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་འཐབ་ཇུས་རོགས་ཟླ་བྱེད་དགོས། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པ་དང་། དཔལ་འབྱོར་ཚོང་དོན་དང་། མཉམ་སྦྲེལ་མཉམ་མཐུད། ཞིང་ལས། རྣམ་གྲངས་ཆེ་གྲས་སོགས་ཐད་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད། མི་ཆོས་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས། ལུའུ་པན་བཟོ་ཁང་ཡག་པོ་གཉེར་བ་དང་། སློབ་གསོ་དང་སྨྱན་སྦྱོར་མཉམ་ལས་ཐད་ཤུགས་སྣོན་རྒྱག་པ། ཀྲུང་ཐའི་མཛའ་གྲོགས་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་ཐུན་མོང་བདེ་འཇགས་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ད་ཐེངས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་དེ་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་གཡུར་དུ་ཟ་བའི་དབུ་ཚོགས་ཤིག་ཏུ་འཚོག་ཐུབ་ངེས་རེད་ལ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་དུས་རབས་གསར་པ་ཞིག་ཀྱང་གཏོད་འགོ་འཛུགས་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།
     ལཱ་ཧོ་མོང་གིས། ཐ་ཀྲུང་འབྲེལ་བ་དེ་ཕན་ཚུན་ཚད་མཐོའི་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་རེད། འདི་ལོ་ནི་ཐ་ཀྲུང་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་དང་ཟོལ་མེད་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ཞུས་ནས། ཐ་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ངང་གཞོལ་ཏེ་ཐ་ཀྲུང་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན། དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་ཐ་ཇིག་སི་ཐན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས། ཐ་ཇིག་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་འབྲེལ་མཐུད་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཐོན་ནུས། ཞིང་ལས། འགྲིམ་འགྲུལ། ལྗང་མདོག་དཔལ་འབྱོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཐོག་མ་དེ་ཡག་པོ་གཉེར་བ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ཡག་པོ་འཛུགས་འདོད་ཡོད་ཅེས་བརྗོད་པ་རེད།
     གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་གནང་བ་དང་། དཔལ་འབྱོར་ཚོང་དོན་དང་། མཉམ་སྦྲེལ་མཉམ་མཐུད། ཚན་རྩལ། ས་གནས་ཀྱི་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ་རེད།
     ཚའེ་ཆི་དང་། ཝང་དབྱི། ཆིན་ཀང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།