འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་དང་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་20ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་ཚོ་ཐུག་འཕྲད་ཐེངས་གཉིས་བྱེད་སྐབས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དག་དོན་འཁྱོལ་ནུས་ལྡན་བྱེད་བཞིན་ཡོད་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོ་དང་ཁེར་གྷི་སི་ཐན་དབར་གྱི་འབྲེལ་བ་ལོ་31རིང་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་ཟིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་མཉམ་སྤྱོད་དར་རྒྱས་ཀྱི་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁེར་གྷི་སི་ཐན་དབར་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གཙིགས་ཆེན་བྱེད་པའི་གྲོགས་པོ་བཟང་པོ་ཞིག་བྱེད་དགོས་ལུགས་ཁ་གསལ་བཟོས་ཡོད། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་དང་། དབུལ་སྐྱོར་དང་དབུལ་པོ་ཉུང་གཏོང་། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་སྦྲེལ་མཉམ་མཐུད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་སྔ་ཙམ་སྐྲུན་འགོ་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་ཚད་མང་དུ་གཏོང་བ་དང་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཁེར་གྷི་སི་ཐན་དུ་མ་འཇོག་དང་བྱ་གཞག་གཏོད་པར་འགྲོ་བར་ལྕག་སྐུལ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
     ཀྲ་ཕ་ལུའོ་ཕུའུ་ཡིས་བསྟན་དོན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གནའ་བོའི་དར་གོས་ལམ་བུ་འགོ་ཚུགས་སར་འཚམས་འདྲི་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་རབ་དང་རིམ་པ་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཐོབ་ནས་འཛམ་གླིང་ཐོག་ནུས་པ་དེ་བས་ཆེ་བ་འདོན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། མིག་སྔར་ཁེར་གྷི་སི་ཐན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད། ཐའེ་དབན་དང་། ཤིན་ཅང་། ཤང་ཀང་བཅས་དང་འབྲེལ་བ་ཡོད་པའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་འཛིན་པའི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་བརྟན་པོར་ཁེར་གྷི་སི་ཐན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཡང་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྦྱོར་མཉམ་ལས་དམ་ཟབ་ཀྱིས་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁེ་ལས་ལ་བདེ་འཇགས་ལྡན་པའི་མ་འཇོག་ཁོར་ཡུག་བཟང་པོ་ཞིག་བཏོད་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། དེ་རིང་ང་ཚོས་ཁེར་གྷི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་དང་འབྲེལ་ཁེར་གྷི་སི་ཐན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་དེས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་མ་ཐེབས་ངེས་རེད།
     ཀྲ་ཕ་ལུའོ་ཕུའུ་ཡིས། འཚོག་ཉེར་ཡོད་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ངས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་དེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོས་ཕྱོགས་གཉིས་དང་ས་ཁུལ་དབར་མཉམ་ལས་དམ་ཟབ་བྱེད་པའི་སྟེགས་བུ་གསར་པ་ཞིག་ཏུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
     གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པ་དང་འབྲེལ་དཔལ་འབྱོར་ཚོང་དོན་དང་། ཐོན་ལས་དང་མ་འཇོག འགག་སྒོ ཞིང་ལས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ་རེད།
     ཚའེ་ཆི་དང་། ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།