འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་ཐའེ་ཝན་གྱི་དམག་མིར་སྦྱོང་བརྡར་བྱེད་རོཊ་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་19ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རི་སྲིད་གཞུང་གིས་“ཙུང་ཐུང་གིས་འདོན་སྤྱོད་དབང་ཆའི་” ཐབས་ལ་བརྟེན་ནས། ཐའེ་ཝན་ལ་རིན་ཐང་ཨ་སྒོར་དུང་ཕྱུར་5ཡི་མཚོན་ཆ་རོགས་སྐྱོར་བྱ་རྒྱུའི་འཆར་གཞི་བཟོ་བཞིན་ཡོད། གཞན་ཡང་། ཨ་རི་ཕྱོགས་ཀྱིས་ཉེ་ཆར་དམག་མི་བརྒྱ་ལྷག་ཐའེ་ཝན་དུ་མངགས་ནས་ཐའེ་ཝན་དམག་མིར་སྦྱོང་བརྡར་བྱས་ཏེ། ཡུལ་དངོས་སུ་ཐའེ་ཝན་དམག་གི་སྦྱོང་བརྡར་བྱེད་སྟངས་ཀྱི་ཞན་ཆ་ཤེས་རྟོགས་བྱེད་པ་དང་འབྲེལ་གྲོས་འགོ་ཡང་བཏོན་པ་རེད། མགྲིན་ཚབ་པར་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས་པ་རེད།
     ཐན་ཁེ་ཧྥེ་ཡིས་བསྟན་དོན། ཉེ་ཆར་ཨ་རི་ཕྱོགས་ཀྱིས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་དང་དམག་དོན་ཐད་ཕན་ཚུན་འབྲེལ་བ་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་གཉིས་པོའི་དམག་དོན་འབྲེལ་བ་ཟབ་ཏུ་བཏང་བ་དང་། དོན་དངོས་ཀྱི་འབྲེལ་བ་རིམ་སྤོར་བྱས་པས། ཀྲུང་ཨའི་འབྲེལ་བའི་རྨང་གཞིར་གཡོ་འགུལ་བཏང་ཞིང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་ནི་ནོར་འཁྲུལ་དང་ཉེན་ཁ་ཧ་ཅང་ཆེ་བའི་བྱ་སྤྱོད་ཅིག་རེད། ཀྲུང་གོ་ཕྱོགས་ཧ་ཅང་མི་འཐད་པས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་མ་ཟད། ཨ་རི་ཕྱོགས་ལ་དྲང་ནན་གྱི་འབྲེལ་གཏུག་བྱེད་རྒྱུ་ཡིན། 
     ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་གྱི་སྲོག་ཤིང་ཡིན་པ་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་ཐད་ཀྱི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་རེད། “ཕྱི་འབྲེལ་གཅོད་པ་དང་། ཆིངས་ཡིག་འདོར་བ། དམག་དཔུང་ཕྱིར་འཐེན་པ་”བཅས་ཀྱི་རྩ་དོན་གསུམ་ནི་ཀྲུང་ཨའི་བར་ཕྱི་འབྲེལ་བཙུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས་ལོ་རྒྱུས་ཕྱིར་ལྡོག་གཏན་ནས་བྱེད་མི་རུང་། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨ་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། “ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་དོན་ཐོག་ཏུ་འཁྱོལ་རྒྱུ་དང་། རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་གྱི་དམག་དོན་ངན་འབྲེལ་བྱེད་མཚམས་འཇོག་རྒྱུའི་ནན་བསྒྲགས་བྱ་རྒྱུ་ཡིན། ང་ཚོས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་དང“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་”དང་། “དྲག་ཤུགས་ལ་བརྟེན་ནས་རང་བཙན་དོན་གཉེར”བྱེད་པའི་རེ་ངན་བཅངས་པ་དེ་ནི་འཆི་ལམ་ཁོ་ན་ཡིན་ཞེས་ནན་བསྒྲགས་བྱ་རྒྱུ་ཡིན། 
     ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་དམག་སྦྱོང་དང་དམག་གྲབས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། རྣམ་པ་གང་རུང་གི་ཐོག་ནས་“ཐའེ་ཝན་རང་བཙན་”ཁ་བྲལ་པ་དང་། ཕྱི་ནས་ཡོང་བའི་ཐེ་གཏོགས་ངན་ཇུས་ཐལ་བའི་རྡུལ་དུ་བརླགས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།