འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་ཡུལ་སྐོར་སླར་གསོ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་18ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འོད་ཟེར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བར་སྐོར་དུ་སྐྱོད་སྐབས་སྨི་10རེའི་མཚམས་སུ་ཡུལ་སྐོར་བ་ཚོས་པར་ལེན་མཁན་གྱི་མཛུབ་ཁྲིད་འོག་བཟོ་ལྟ་སྣ་ཚོགས་བཏོན་ནས་རང་རང་གི་མཐོང་སྣང་ཁྲོད་ཀྱི་ལྟ་ན་སྡུག་པའི་གཟུགས་བརྙན་དེ་དྲན་གསོའི་ཡུལ་དུ་འཇོག་པར་བྱེད། ཡུལ་སྐོར་པར་ལེན་གྱི་དགོས་མཁོ་ཤུགས་ཆེ་རུ་སོང་བས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ཁྲོམ་གཞུང་གི་ཚོང་ལས་རྣམ་པར་ཡང་འགྱུར་ལྡོག་བྱུང་སྟེ། ཚོང་ཁང་ཉིས་བརྒྱ་སུམ་བརྒྱ་ལས་མེད་པའི་བར་སྐོར་ཁྲོམ་གཞུང་གི་ལྟེ་བར་ཡང་ཡུལ་སྐོར་པར་ལེན་གྱི་འབྲེལ་ཡོད་ཚོང་ཁང་གིས་10%ཡན་བཟུང་ཡོད་པ་རེད།
     “ལོ་འགའ་ཤས་ཀྱི་སྔོན་དུ། ལྷ་སའི་ཡུལ་སྐོར་བའི་ཁྲོད་དུ་པར་ལེན་གྱི་དགོས་མཁོ་ཡོད་མཁན་མི་10%ཙམ་ལས་ཟིན་གྱི་མེད། ད་ཆ་དགོས་མཁོ་དེ་ཕལ་ཆེར་50%ཟིན་གྱི་ཡོད”ཅེས་2017ལོ་ནས་བཟུང་བོད་དུ་ཡུལ་སྐོར་པར་ལེན་གྱི་ལས་སྒོ་གཉེར་བའི་བོད་ལྗོངས་ཁཱ་ཁཱ་མཐོང་སྣང་ཚད་ཡོད་ཀུང་སིའི་རྐང་བདག་དང་སྤྱི་ཁྱབ་སྤྱི་གཉེར་གཅིག་ལྕོགས་ཤུའེ་ཐེན་རུའེ་ཡིས་བརྗོད། ཁོང་གིས་ས་མཐོར་དམིགས་བསལ་གྱི་རྒྱན་གོས་དང་ཨར་སྐྲུན་རིག་གནས་ཡོད་ཁར་དྲ་སྦྲེལ་ལས་སྟེགས་ཀྱི་ཤུགས་རྐྱེན་འོག་ཡུལ་སྐོར་བ་དེ་བས་མང་བས་བོད་ཆས་གྱོན་ནས་པར་རྒྱག་འདོད་བྱེད་ཀྱི་ཡོད་པས། ལས་རིགས་འདི་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་ཐེབས་ཏེ་ཉིན་ལྟར་མངགས་ཐོ་འབོར་ཆེན་ཡོད་པའི་ངོས་འཛིན་བྱས།
     འདི་ལོ་ཚུན་དུ་བོད་ཀྱིས་ཡུལ་སྐོར་ལས་རིགས་སླར་གསོའི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་སྟེ་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པ་དང་ཡུལ་འདིའི་ཡུལ་སྐོར་འཛད་སྤྱོད་སྤ་སེ་སོགས་གཟིགས་སྐྱོང་དང་བྲིན་ཚོང་ལ་སྐུལ་འདེད་ཀྱི་སྲིད་ཇུས་ལྕག་སྐུལ་འོག་བོད་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་མྱུར་པོ་བྱུང་ཡོད། འདི་ལོའི་དུས་ཚིགས་དང་པོར་བོད་ཀྱི་ས་ཁུལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་255ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་39.6%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་20.3བྱུང་སྟེ་42.9%འཕར་ཡོད། “ལྔ་གཅིག”རིང་བོད་ཀྱི་ཡུལ་སྐོར་ཁྲོམ་ར་དེ་བས་འཁྲུག་ཆ་དོད་དུ་སོང་སྟེ་རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་116.77ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་73.25%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.48བྱུང་བ་དེ་དུས་མཚུངས་ལས་61.52%འཕར་ཡོད་པ་རེད།
     བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་བསུ་ཆེད། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་སྔོན་ཚུད་ནས་སྤ་སེ་དང་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཡོད། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་འབྱོར་ལྡན་གྱིས་ལྟ་སྐོར་ལམ་ཐིག་དང་པོའི་ཉིན་རེའི་འགྲུལ་པ་མི་ཐེངས་5000ལྷག་ཙམ་ཟིན་སྐབས། ཉིན་རེའི་སྣེ་ལེན་ཞུ་ཚད་མི་ཐེངས་2000ཟིན་པའི་ལྟ་སྐོར་ལམ་ཐིག་གཉིས་པ་སྤྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
     “དྲ་རྒྱ་དང་རིག་ནུས་ལག་ཐོགས་ཁ་པར་དེ་ཙམ་སྤྱོད་མི་ཤེས་པའི་རྒན་རྒོན་དང་དམིགས་བསལ་མི་ཚོགས་ལ་ཉིན་ལྟར་སྒོ་འཛིན་མངགས་ཉོ་ཁང་གིས་སྔོན་མངགས་སྤ་སེ་100འཇོག་གི་ཡོད། མི་སྒེར་གྱིས་ཐོབ་ཐང་ལག་ཁྱེར་སོགས་གོ་ཆོད་ལག་ཁྱེར་འཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད་དེ་སྒོ་འཛིན་མངགས་ན་ཆོག”ཅེས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུན་དགའ་བཀྲ་ཤིས་ཀྱིས་བརྗོད། གོམ་སྟབས་རྗེས་མར་ཕོ་བྲང་པོ་ཏ་ལ་ཡིས་ད་དུང་སྒོ་དབྱེའི་དུས་ཚོད་འོས་འཚམ་རིང་དུ་གཏོང་རྒྱུ་དང་འབྲེལ་ལྟ་སྐོར་ལམ་ཐིག་ལེགས་སྒྲིག་བྱས་ཏེ་དུས་ཚོད་ཁག་གི་འགྲུལ་པ་ཚོད་འཛིན་ལུགས་མཐུན་བྱེད་རྒྱུ་ཡིན་པ་རེད།
     ཡུལ་སྐོར་སླར་གསོ་བྱུང་བའི་གོ་སྐབས་བཟང་པོ་དང་བསྟུན་ནས་བོད་ཀྱི་ཡུལ་སྐོར་དང་འབྲེལ་བའི་ཁེ་ལས་ཁག་གིས་ཀྱང་ངར་ཤུགས་བསྒྲིམས་ཏེ་ཡུལ་སྐོར་འཛད་སྤྱོད་ཁྲོམ་རར་འབད་འབུངས་སྟོབས་བརྩོན་བྱེད་བཞིན་ཡོད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་དུ་སྤྲོ་ལྡན་ཀོ་གྲུ་གཏོང་བ་དང་། སྲོལ་རྒྱུན་གྱི་ཀོ་གྲུར་སྡོད་པ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་བྱེད་པ། ཕྱི་རོལ་དུ་སྒར་འདེབས་སོགས་ཀྱི་རྣམ་གྲངས་དར་བཟོ་ཆེན་པོ་ཡོད་པ་རེད།
     འཇུན་པ་ཉ་གྲོང་གི་ཀོ་གྲུའི་སྒར་སའི་རྣམ་གྲངས་གཉེར་མཁན་བོད་ལྗོངས་མཐོང་སྣང་རིག་གནས་ཚད་ཡོད་ཀུང་སིའི་ཁྲིམས་མི་ཕན་ཧྭ་ཕུང་གིས“ལྔ་གཅིག”གུང་གསེང་རིང་སྒར་སས་སྤྱིར་ན་མི་ཆིག་སྟོང་ཙམ་ལ་སྣེ་ལེན་ཞུས་པ་དང་ཀོ་གྲུ་གཏོང་མཁན་ཁོ་ན་ལྔ་བརྒྱ་དྲུག་བརྒྱ་ཟིན་གྱི་འདུག་ཅེས་ངོ་སྤྲོད་བྱས།
     “འཁྲུག་པོ་འདི་འདྲ་ཆགས་ཀྱི་རེད་བསམ་མ་བྱུང”སླད་ཕྱིན་བོད་ཀྱི་ཡུལ་སྐོར་སླར་གསོ་བྱུང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་སྒར་སའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་དང་ཞབས་ཞུ་སྣེ་ལེན་གྱི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ། རྣམ་གྲངས་ཡག་པོ་གཉེར་ནས་གྲོང་ཚོར་གསོན་ཤུགས་རྒྱས་པར་བྱེད་པ་དང་ཆབས་ཅིག གྲོང་མིར་ཡུལ་སྐོར་གྱི་ཡོང་འབབ་མང་དུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་ཕན་ཧྭ་ཕུང་གིས་བརྗོད།
     འདི་ལོ་བོད་ཀྱིས་ཡུལ་དེ་གའི་ཡུལ་སྐོར་ཁྲོམ་རར་ཤུགས་སྣོན་བརྒྱབ་སྟེ་སྤུས་ལེགས་སྒར་ས་དེ་བས་མང་བ་བཏོད་ནས་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཀྱི“གླིང་ཁའི་ཡུལ་སྐོར”སྤུས་ཚད་མཐོ་རུ་དང་རིམ་པ་སྤོར་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས“རྫོང་རེ་ལ་སྤུས་རྟགས་རེ་དང་རྫོང་རེ་ལ་ཁྱད་ཆོས་རེ” “རྫོང་ཚང་མའི་ཁྱད་ཆོས་མི་འདྲ་བ”བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲགས་ཅན་རྫོང་བཏོད་དེ། ཡུལ་སྐོར་ཐོན་ལས་ཀྱི་དཔལ་འབྱོར་ཡོང་འབབ་ཟམ་མི་ཆད་པར་མང་དུ་བཏང་སྟེ་ཁྲོམ་ར་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།