༄༅།།ལས་གནས་ཁྲི་100ལས་བརྒལ་བ་བསྡུ་འཆར་ཡོད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་17ཉིན། 14:46】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། སློབ་གསོ་པུའུ། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་པུའུ། དམངས་སྲིད་པུའུ། ནོར་སྲིད་པུའུ། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། གུང་གཞོན་ཚོགས་པའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་བཅུ་ཡིས་《ལས་ཞུགས་ལྟ་སྦྱོང་ལས་གནས་ཁྲི་བརྒྱ་བསྡུ་བའི་འཆར་གཞི་ལག་བསྟར་སྔར་ལྷག་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ཏེ། ལས་ཞུགས་ལྟ་སྦྱོང་ལས་གནས་ཁྲི་བརྒྱ་བསྡུ་རུབ་ཀྱི་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་རོགས་བྱ་རྒྱུའི་ཐག་བཅད་པ་རེད།
《བརྡ་ཐོའི་》ནང་ཁ་གསལ་བཏོན་དོན། སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་གཉིས་ནང་ཚུན་དུ་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ལོ་16ནས་24བར་གྱི་ལས་ཤོར་ན་གཞོན་ལ་དམིགས་ཏེ་ལོ་ཧྲིལ་པོར་ལས་ཞུགས་ལྟ་སྦྱོང་ལས་གནས་ཁྲི་100ལས་མི་ཉུང་བ་བསྡུས་ནས། ལྟ་སྦྱོང་བྱེད་འདོད་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚང་མར་ལྟ་སྦྱོང་གི་གོ་སྐབས་ཐོབ་པའི་འགན་ལེན་དང་། ལྟ་སྦྱོང་ཚན་པར་ཁ་གསབ་རོགས་སྐྱོར་བྱེད་པ་དང་། ལས་ཞུགས་ལྟ་སྦྱོང་དང་ལེན་བྱེད་མཁན་ཚན་པར་གཏན་འབེབས་ལྟར་ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་སྤྲོད་དགོས། ལྟ་སྦྱོང་བྱེད་ཡུན་མ་ལོན་པར་ལྟ་སྦྱོང་མི་སྣ་དང་ངལ་རྩོལ་གན་རྒྱ་བཞག་ཚེ། ལྟ་སྦྱོང་ཚན་པར་དུས་བཀག་ལྷག་མའི་ལྟ་སྦྱོང་ཁ་གསབ་སྲིད་ཇུས་2023ལོའི་ལོ་མཇུག་བར་རྒྱུན་མཐུད་བྱ་རྒྱུ་རེད།
《བརྡ་ཐོའི་》ནང་ད་དུང་བཏོན་དོན། ལས་གནས་ཀྱི་ཞལ་འདེབས་སྤུས་ཚད་མཐོ་རུ་བཏང་ནས། ཚན་པ་རིགས་མི་འདྲ་བར་ཁ་ཕྱོགས་ཏེ་ཚན་ཞིབ་ཀྱི་རིགས་དང་། ལག་རྩལ་རྩལ་ནུས་ཀྱི་རིགས། དོ་དམ་གྱི་རིགས། སྤྱི་ཚོགས་ཞབས་ཞུའི་རིགས་སོགས་ལྟ་སྦྱོང་ལས་གནས་ཁག་གཅིག་གསར་སྤེལ་བྱས་ནས། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སོགས་པའི་གཞོན་ནུར་ལྟ་སྦྱོང་སྣ་མང་གི་དགོས་མཁོ་སྐོང་དགོས། དཔེ་སྟོན་གྱི་རང་བཞིན་ལྡན་པའི་ལས་གནས་ཁག་གཅིག་ཡོངས་བསྒྲགས་བྱས་ཏེ། ལྟ་སྦྱོང་གི་འགུག་ཤུགས་ཇེ་ཆེར་གཏོང་དགོས། རྒྱལ་ཡོངས་དྲ་སྦྲེལ་གྱི་ལྟ་སྦྱོང་གཅིག་གྱུར་ཞབས་ཞུའི་ལས་སྟེགས་བཏོད་དེ། ལས་ཞུགས་ཞབས་ཞུའི་དྲ་ཚིགས་ཆེ་གྲས་ཁག་ཏུ་ལས་སྟེགས་ཀྱི་སྦྲེལ་མཐུད་བྱས་ནས། ལྟ་སྦྱོང་མི་སྣ་དང་ལྟ་སྦྱོང་ཚན་པར་སྟབས་བདེ་བསྐྲུན་དགོས། ལྟ་སྦྱོང་ཚད་ལྡན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྦྱོང་ཚན་པ་དང་ལྟ་སྦྱོང་མི་སྣས་ལྟ་སྦྱོང་གི་གྲོས་མཐུན་འཇོག་པར་ཁྲིད་སྟོན་བྱས་ནས། ལྟ་སྦྱོང་ཚན་པས་མཛུབ་སྟོན་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་དགོས། རྗེས་མཐུད་རྗེས་འདེད་ཀྱི་རོགས་སྐྱོར་ཡག་པོར་བྱས་ནས། ལྟ་སྦྱོང་ཚན་པས་ལྟ་སྦྱོང་བྱེད་ཡུན་ཐིམ་མི་བསྡུ་འཇོག་གང་ཐུབ་ཀྱི་སྐུལ་ལྕག་གཏོང་བ་དང་། ལྟ་སྦྱོང་བྱེད་རིང་ངམ་ཡང་ན་དུས་ཡུན་ཐིམ་རྗེས། ལྟ་སྦྱོང་ཚན་པས་དངོས་སུ་བསྡུས་རིགས་ལྟ་སྦྱོང་ཚན་པས་དུས་ཐོག་ཏུ་མཐོ་སློབ་སློབ་ཐོན་སློབ་མ་དང་ངལ་རྩོལ་གན་རྒྱ་བཞག་ནས་སྤྱི་ཚོགས་ཀྱི་འགན་བཅོལ་འཇལ་སྤྲོད་བྱེད་དགོས། ལྟ་སྦྱོང་བྱས་རྗེས་བསྡུས་མེད་པའི་མི་སྣར། ལས་ཞུགས་ཀྱི་དགོས་མཁོའི་དམིགས་སའི་རང་བཞིན་ལ་གཞིགས་ནས་ལས་ཞུགས་ལས་གཏོད་ཀྱི་རྒྱབ་སྐྱོར་བྱས་ཏེ། རྩལ་ནུས་ཆེ་རུ་གཏོང་བའི་དམིགས་སའི་རང་བཞིན་གྱི་ལས་རིགས་གསོ་སྦྱོང་རྣམ་གྲངས་འོས་སྦྱོར་བྱས་ནས། ལས་ཞུགས་ལས་གཏོད་མགྱོགས་མྱུར་མངོན་འགྱུར་ཡོང་བའི་སྐུལ་འདེད་གཏོང་དགོས།
